ཞང་བོད་མཐོ་སྒང་གི་བླ་སྲོག
གླེང་གཞི།
ང་ཚོས་ནམ་རྒྱུན་བཤད་སྲོལ་མི་མཐུན་ས་གཙོ་བོ་ནི་ཐོན་མིའི་གོང་དུ་བོད་ཡིག་བྱུང་
ཡོད་དང་མེད་ཀྱི་བཤད་ཚུལ་གཉིས་པོ་དེ་ཡིན་ཅིང་།
གཅིག་ནི་ཡ་ཐོག་ཞང་ཞུང་ནས་རིམ་བཞིན་བོད་ཡུལ་དུ་ཡི་གེ་དར་ཚུལ་དང་།
གཅིག་ནི་སྲོང་བཙན་སྒམ་པོས་ཐོན་མི་རྒྱ་གར་ལ་མངགས་ནས་ཐོན་མིས་རྒྱ་གར་ཡི་གེར་
དཔེར་བླངས་ཏེ་བོད་ཡིག་གསར་བཟོ་བྱས་ཏེ་བོད་ཡིག་གསར་དུ་བྱུང་པའི་ཚུལ་གཉིས་པོ་
རེད།
འོན་ཀྱང་བཤད་ཚུལ་དེ་གཉིས་ནི་བོད་རང་ས་ནས་བཤད་སྲོལ་དར་ཁྱབ་དུ་ཕྱིན་པ་ཞིག་
ཡིན་ཅིང་།
འདི་གཉིས་ལ་ལོ་རྒྱུས་སྨྲ་བ་མི་ཉུང་བ་ཞིག་གིས་སྔར་ནས་ད་བར་དཔྱད་རྩོམ་སྣ་
ཚོགས་ཅིག་སྤེལ་ཟིན་འདུག དེ་དག་རང་ལ་ལྟོས་ཏེ་ཁ་ཕྱོགས་གང་ཟབ་དང་བདེན་ཕུགས་རོབ་ཙམ་ཤེས་རྟོགས་འབྱུང་ངེས་ཀྱང་ཡིད་ཆེས་གཅིག་པོས་བདེན་མཐའ་འཚོལ་དཀའ་བས།
རང་གི་རིག་པའི་ལམ་ནས་ཀྱང་དཔྱད་ཞིབ་བྱེད་འོས་དང་བྱ་དགོས་ངེས་ཞིག་ཏུ་སེམས་ཏེ་ལུང་རིག་སྒྲིལ་ཏེ་དཔྱད་པའི་ལམ་སྒོར་ཞུགས་ན་འདོད།
། #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།##འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
དང་པོར་ཡ་ཐོག་ཞང་ཡིག་གི་བྱུང་རབས་ལ་དཔྱད་པ།
ཡ་
ཐོག་ཞང་ཡིག་ནི་སྟོན་པ་གཤེན་རབ་མ་བྱོན་གོང་དུ་སྲིད་པ་སངས་པོ་འབུམ་ཁྲི་ཡིས་
མཛད་པའི་ཞང་ཡུལ་དུ་དར་ཁྱབ་ཕྱིན་པའི་ཡི་གེ་དེ་ལ་ཡ་ཐོག་ཞང་ཡིག་ཅེས་འབོད།
དེ་ལ་རྣམ་དབྱེ་ནི་ཡིག་འབྲུ་ཁྲི་དང་འབུམ་༼འབུམ་དང་ཁྲི་༽གཉིས་ཡོད་པ་མདོ་ལུང་
ལས་སོགས་ནས་གསལ།
ཞང་ཡིག་ལའང་རྣམ་གྲངས་ནི། ཡ་ཐོག་གི་ཞང་ཡིག་དང་།
དཔའ་བོ་འབྲུ་ལྔ་ལས་གྱེས་པའི་ཞང་ཡིག་གཉིས་ཡོད།
དང་པོ་ནི་སྲིད་པ་སངས་པོ་འབུམ་ཁྲི་ཡིས་བཟོས་པའི་ཞང་ཡིག་རྣམས་ཡིན།
ཕྱི་མ་ནི་བོད་ཡིག་གི་འབྱུང་ཁུངས་ཡིན་པར་འདོད་ལ།
འདི་ཡི་བྱུང་རབས་ནི་ཐོག་མར་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ཆེའི་
དུས་སུ་དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་ཏེ་གཏོ་ཡི་བཀའ་སྒྲོམ་མེར་བསྲེགས་
ཏེ་ཡིག་འབྲུ་ཁྲི་དང་འབུམ་གཉིས་བརླགས་པའི་ལོ་རྒྱུས་བསྟན་འབྱུང་མི་ཉུང་བ་ལས་
གསལ་བ་ཙམ་མ་ཚད་སྟོན་པས་ཀྱང་འཁོར་འབངས་རྣམས་ནས་བོན་བསྟན་ནུབ་ཏུ་དོགས་ནས་མྱ་
ངན་བྱེད་པ་ལ་གཟིགས་ཏེ་འདི་ལྟར་གསུངས་པ།
༡„“དཔའ་བོ་འབྲུ་ལྔ་མ་ཚིགས་ན།
ཡིག་འབྲུ་ཁྲི་འབུམ་བཟོད་ཙམ་རྒྱུ། ཁྱེད་རྣམས་མྱ་ངན་མ་བྱེད་དང་།
གཡུང་དྲུང་བསྟན་པ་ནུབ་མི་འགྱུར།”ཞེས་མདོ་ལས་གསལ།
འབྱུང་ལྔའི་སྙིང་པོ་དཔའ་བོ་འབྲུ་ལྔ་སྟོན་པའི་ཕྱག་ཏུ་བསྣམས་ནས་འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་དམ་ཐོ་ཡིག་བཞི་བཅུ་གཏན་ལ་ཕབ་པར་མཛད་དེ།
༢„“ཡི་གེ་དཔའ་བའོ་འབྲུ་ལྔ་མ་ཚིགས་པར་གསལ་བར་སྣང་ངོ་།
དཔའ་བོ་འབྲུ་ལྔ་ཕྱག་ཏུ་བསྣམས་ཤིང་།”ཞེས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་གྱེས་ཚུལ་དང་སྟོན་པའི་ཡིག་ལྷ་འཕྲུལ་བུ་ཆུང་གིས་ཐོ་ཡིག་བཞི་བཅུ་ཡི་གེའི་གཟུགས་སུ་ཕབ་ཡོད་པར་མངོན།
༣ „ “ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས།
འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས།
སྟོན་པའི་ཐུགས་རྗེས་བོན་གྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར།”ཞེས་བསྟན་ལ།
༤“ཤེས་རབ་ཕུལ་གྱི་འཕྲུལ་ཡིག་བཞི་བཅུ་ལ།
ཐབས་ཀྱི་མཆོག་གིས་ང་རོ་དབྱངས་སུ་དྲངས། ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་བརླབས་ལས།
མིང་དང་ཚིག་འབྲེལ་ལེའུ་བམ་པོར་ཕྱེས།”ལས་གསལ་བ་འདི་དག་གིས་བོད་ཡིག་གི་འབྱུང་ཁུངས་ཞང་ཞུང་གི་ཡི་གེའི་འབྱུང་ཕུགས་བསྟན་ལ།
ཞང་ཡིག་ནི་ཐོན་མིའི་གོང་དུ་ལྟ་ཅི་གཉའ་ཁྲི་བཙན་པོའི་གོང་ནས་དར་ཡོད་པ་བོན་གྱི་ལོ་རྒྱུས་ཀུན་མཐུན་པར་ཡོངས་སུ་གྲགས།
རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ་མཆོག་གིས་རིག་པའི་གནས་ལྔ་དང་བོན་ཐེག་པ་རིམ་དགུ སྒོ་བཞི་མཛོད་ལྔའི་བོན་སྒོ་མཐའ་དག་གདུལ་བྱའི་བློ་ལ་ལྟོས་ཏེ་གསུངས་བར་མ་ཟད་དེ་དག་ཐམས་ཅད།
སྟོན་པ་འདས་འོག་ཏུ་བཀའ་བསྡུ་བ་པོ་བསྡུད་འཁོར་བཅུ་གསུམ་གྱིས།
བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ་བསྡུས་པ་བོན་ལུགས་སུ་ཡོངས་གྲགས་ཡིན་ལ།
ཞང་སྐད་ནས་བོད་སྐད་དུ་བསྒྱུར་པའི་ཚུལ་ཡང་། ༥„“ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་།
བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གྱིས་བཀའ་རྒྱས་འབྲིང་བསྡུས་གསུམ་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བར།”ཞེས་སོགས་ཀྱིས་བསྟན་ཡོད། །
དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་ཇི་ལྟར་བྱུང་པའི་སྐོར།
༦„“ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར།
དོན་ལ་སྦྱོར་བའི་མཚན་ཉིད་འཛིན། ངོ་བོ་འཕྲུལ་ཡིག་བཞི་བཅུའོ། དཔའ་བོ་འབྲུ་ལྔ་ལས་བྱུང་བའི།
འབྱུང་ཆེན་རིམ་པ་ཀྵ་ཀ་ཁ། ག་ང་ཧ་ཨ་ཨཾ་བརྒྱད་པོ། ནམ་མཁའི་ཁམས་ཡིན་ཨཱོྃ་ལས་བྱུང་།
འོག་མ་རྣམས་ཀྱང་དེ་བཞིན་ཏེ། ཨེ་ཎ་ར་བྷི་ཥྚ་བརྒྱད་པོ། མེ་ཡི་ཁམས་ཡིན་རཾ་ལས་བྱུང་། ཨོ་ཏ་ལ་ས་མྟང(མྷང་)བརྒྱད་པོ།
ས་(ཡི་)ཁམས་ཡིན་སྲུྃ་ལས་བྱུང་། ཨུ་པ་ཟ་འ་ཨཿབརྒྱད་པོ། ཆུ་ཡི་ཁམས་ཡིན་ཁཾ་ལས་བྱུང་།
ཨི་ཙ་ཡ་ཤ་ཞ་བརྒྱད་པོ། རླུང་གི་ཁམས་ཡིན་ཡཾ་ལས་བྱུང་། དེ་དག་འབྱུང་ཆུང་སྡེ་ལྔ་རུ།
དབྱེ་བའི་རིམ་པ་ཀྵ་ཨེ་ཨོ། ཨུ་ཨི་ཨཾ་ཨཿཥྚ་དང་བརྒྱད། རླུང་གི་སྡེ་ཡིན་ཆེན་པོའོ།
ཀ་ཅ་ཏ་པ་ཙ་ཞ་ར། ཧ་བརྒྱད་ས་སྡེ་དྲག་པོའོ། ཁ་ཆ་ཐ་པ་ཚ་ཟ་ལ། ཨ་བརྒྱད་ཆུ་སྡེ་འབྲིང་པོའོ།
ག་ཇ་ད་བ་ཛ་འ་ཤ། བྷི་བརྒྱད་མེ་སྡེ་ཞན་པའོ། ང་ཉ་ན་མ་ཝ་ཡ་ས།
མྷིང་བརྒྱད་མཁའ་སྡེ་རྔུབ་པའོ། འབྱུང་ཁུངས་སྡེ་ཚན་བརྒྱད་པོ་ལ།
ཡི་གེ་ལྔ་ལྔར་ཕྱེ་བ་ལས། དང་པོ་ཀྵ་ཀ་ལ་སོགས་ལྔ། མགྲིན་པའི་གནས་ལས་སྐྱེ་བ་ཡིན།
འོག་མ་བདུན་ཡང་དེ་བཞིན་ཏེ། ཨེ་ཨོ་ཨུ་ཨི་ཨཾཿཥྚ། སྡེ་ཚན་ལྷག་མ་བདུན་པོ་སྦྱར།
འབྱུང་ཁུངས་རིམ་པས་རྐན་ལྕེ་མཆུ། སྣ་སོ་སྤྱི་ཁོག་བདུན་ལས་སྐྱེ།
འབྱུང་བ་རིམ་པས་ཤིང་མེ་ས། ཆུ་རླུང་ལྕགས་རི་ནམ་མཁའོ། ཡི་གེ་བཞི་བཞི་ཡོད་པ་ཡི།
ཀློག་པའི་ཐང་བབ་སྡེ་ཚན་བརྒྱད། དབྱངས་ཡིག་ལྷག་མ་བརྒྱད་དང་བཅས།
ངེས་པའི་ཐོ་ཡིག་བཞི་བཅུར་འདོད།”ཅེས་པ་དེ་རྣམས་ཀྱིས་གསལ་བར་བསྟན་ཡོད་ལ། ༧„“ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ།
འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས།
ཡི་གེའི་འབྱུང་ཁུངས་ཐོག་མ་དེ་ནས་བྱུང་།”ཞེས་གསལ་ལ།
འདི་ལྟར་བོད་ཡིག་གི་འབྱུང་ཁུངས་ནི་སྟོན་པ་གཤེན་རབ་མི་བོས་བཟོས་པའི་དཔའ་བོ་
འབྲུ་ལྔ་ལས་གྱེས་པའི་ཞང་ཡིག་ཡིན་པ་ལ་དུས་རབས་དང་སྤྱི་ཚོགས་འགྱུར་འགྲོས་དང་
བསྟུན་ཞང་ཡིག་གི་རྣམ་པ་ཅུང་ཙམ་འགྱུར་བ་ཕྱིན་པ་ལས་གཞི་མེད་ཅིག་མིན་པར་སྙམ།
ཞང་ཞུང་གི་ཐོ་ཡིག་བཞི་བཅུ་དེ་དཔའ་བོ་འབྲུ་ལྔ་ལས་བྱུང་།
དཔའ་བོ་འབྲུ་ལྔ་ནི་ཡ་ཐོག་ཞང་ཞུང་གི་ཡི་གེའི་གྲས་ཤིག་ཡིན།
ཡིག་འབྲུ་འབུམ་དང་ཁྲི་གཉིས་ཀྱི་འབྱུང་ཁུངས་ནི་སྲིད་པ་སངས་པོ་འབུམ་ཁྲི་ཡིན་
པར་བཞེད་དོ།
།
སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་ཡོད་པ་ར་འཕྲོད་ཐུབ།
ལེགས་པར་དཔྱད་ན། ༨„
“བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ།
བཙན་པོའི་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ།”ཞེས་པའི་ཚིག་དེར་“བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ།”ཞེས་པ་འདིས་ཅི་ཞིག་བསྟན་ཡོད་པ་གསལ་པོ་རེད་ལ།
སྔ་ས་ནས་བོད་ལ་ཡི་གེ་ཡོད་པ་དང་རྒྱལ་ཕྱི་ནང་ཡིག་འབྲེལ་བྱེད་སྲོལ་གསལ་ཡོད་པ་ནི་དེ་གཅིག་པུ་ཙམ་མ་ཡིན་པར།
༩„ “རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས།
བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི།”ཞེས་དང་། ༡༠„“ཡང་བློན་པོ་མགར་ན་རེ།་རྒྱལ་པོ་ལགས།
འཕྲིན་རེ་ལ་ཕར་འགྲོ་བྱས་ན་ལྷ་ཅིག་སྤྱན་འདྲོངས་པའི་དུས་མི་ཡོང་།
བལ་བོད་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ནས།
དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་དེ་ལ་གཟིགས་པས།”ཅེས་
པའི་ཚིག་འདིས།
དེའི་དུས་སུ་རྒྱལ་བློན་རྣམས་ཡིག་རྨོངས་མ་ཡིན་པར་ནམ་མཁའ་གཡའ་དག་ཏུ་སྙམ།
རྒྱ་བཟའ་ལས་སོགས་བོད་དུ་བསུས་ནས་བཙན་པོ་དང་བློན་འགར་སྟོང་ལྡན་རྒྱལ་བློན་མི་
ཉུང་པ་ཞིག་འདོད་བློ་ཡོངས་སུ་ཚིམས་ཏེ་བློས་ཁེལ་རྐྱང་བྱས།
བོད་ལ་དབུ་ཡོག་ཆེན་པོ་འབྱུང་བའི་སྔ་ལྟས་ཤིག་ཡིན་པ། སྐུ་འཁོར་བློན་མང་དག་ཅིག་གིས་སྔར་ནས་ཤེས་ཚོར་བྱུང་རུང་བཙན་པོའི་སྐུ་དབང་བཙན་སྟབས་འགོག་མ་ནུས་ལ། རྒྱ་
བཟའ་ནི་རྒྱ་བོད་ས་མཚམས་སུ་དམག་འཁྲུགས་དང་འཐབ་རྩོད་ཞི་རྣམས་བདེ་ཡོང་ཕྱིར་དུ་
བོད་དུ་བཙན་པོར་མནའ་མར་བཏང་པ་ཡིན་པ་རྒྱ་བཟའ་ཀོང་ཇོའི་ལོ་རྒྱུས་ལས་གསལ་ཡང་
དོན་དུ་མཁས་པ་དུ་མས་དེ་ཙམ་མ་ཡིན་པར།
དེ་ནི་ངོ་གདོང་གི་རྣམ་པ་ཙམ་ལས་རྒྱབ་ལྗོངས་ནི་སྲོང་བཙན་སྒམ་པོ་མག་པར་རློམས་
པ་ཡང་མིན་པར།
བོད་ཀྱི་ནགས་ཚལ་གཏེར་མཛོད་ལས་སོགས་ལ་རྔམ་པ་ཞིག་ཡིན་པར་ཉ་འཛིན་ཐབས་སུ་ལྕགས་
ཀྱུ་སྣེའི་འབུ་རོ་སྦྱིན་པ་དང་མཚུངས་དཔེ་ཞིག་ཏུ་འོས་ཤིང་།
བོད་དུ་བརྫངས་པའི་རྒྱ་བཟའ་ཀོང་ཇོ་ཡང་རྒྱ་ནག་གི་བུད་མེད་སྐྱུས་མ་ཞིག་ཡིན་པ་
ལས་རྒྱ་ནག་གོང་མའི་སྲས་མོ་ནི་མ་ཡིན་པར་བཤད།
ཕྱིས་སུ་བློན་པོ་འགའི་ཐུགས་གྲོས་མཛད་དེ་རྒྱ་བཟའ་ཕྱིར་འབུད་ཐབས་སུ་
ལྷ་ལ་བཀའ་ལུང་རྫུན་མ་ཕབ་སུ་བཅུགས་ཀྱང་བཙན་པོ་ལྷ་ཡིས་བཀའ་ལུང་ཡི་གེ་དེ་རྫུན་
མ་ཡིན་པར་ཤེས་རུང་།
འབངས་མི་རྣམས་ཀྱིས་བཀའ་ལུང་བདེན་པར་འཛིན་ཏེ་རྒྱ་བཟའི་ཞབས་ཞུ་མ་ལྷ་མོ་ལ་མ་
ཉེས་ཁ་ཡོག་ཕོགས།
འོན་ཀྱང་སྲོག་ཉེན་ལས་ཐར་ཐབས་ཙམ་བྱུང་བར་ལོ་རྒྱུས་ལས་གསལ་ཡོད་ལ།
བོད་དུ་དེའི་གོང་ནས་ཀྱང་ལྷར་བཀའ་ལུང་ཕེབས་དུས་ཡིག་མཁན་ཡོད་པ་རྒྱ་བཟའ་ཀོང་
ཇོའི་༼ཤིང་ཀོང་ཇོའི།༽ལོ་རྒྱུས་ལས་ར་སྤྲོད་གསལ་པོ་བྱས་ཡོད།
།
རིག་
པས་དཔྱད་ཀྱང་ཞང་ཞུང་དང་བོད་ཀྱི་རྒྱལ་པོ་གོང་མའི་སྐབས་རིང་ནས་རྒྱལ་ཁབ་གཞན་ལ་
འགྲན་པར་འོས་པའི་ཆབ་དཔལ་རིག་གསུམ་ཕུན་སུམ་ཚོགས་པ་ཡོད་པ་ནི་དེང་དུས་ཚན་རིག་
གི་རྩལ་ལས་བཟོ་སྐྲུན་དཀའ་བའི་ཞང་བོད་རང་ས་ནས་དར་བའི་གཟི་འདིས་ཁ་གྲགས་པ་དང་
གཅིག་མཚུངས་ཡིན་ལ།
ལྷ་ལ་བཀའ་ལུང་ཞུ་དུས་སུ་ཡིག་མཁན་བསྟན་ཡོད་པ་འདིས་སྲོང་བཙན་གྱི་རིང་ནས་དར་བ་
ཞིག་མ་ཡིན་པ་ཡབ་མྱེས་རྒྱལ་པོ་གོང་མའི་སྐབས་ནས་དེ་ལྟར་བཀའ་ལུང་ཞུ་སྲོལ་དང་
ཡིག་མཁན་ཡོད་པར་མཚོན་ནུས། གཉའ་
ཁྲིའི་དུས་ནས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་ནས་རྒྱུའི་བོན་ཏེ་མོ་རྩིས་སྨན་
དཔྱད་དང་བཟོ་ལས་སོགས་རིག་གནས་ཕུན་སུམ་ཚོགས་པ་དར་སྤེལ་དང་བོད་ཁམས་ན་ཁྱབ་རྒྱ་
ཇེ་ཆེར་ཕྱིན་ཡོད་པ་ལོ་རྒྱུས་ལས་གསལ་བ་ཇི་བཞིན་རིག་པའི་ལམ་ནས་ཀྱང་བརྟག་དཔྱད་
གང་འདྲ་ཞིག་བྱས་རུང་དངོས་བྱུང་ཡིན་སྟབས་ཁས་མ་བླངས་ཐབས་མེད་ཅིག་ཡིན།
།
བོན་
གྱི་ལོ་རྒྱུས་ཕལ་མོ་ཆེ་ལས་སྲོང་བཙན་དང་ཐོན་མི་ཕར་ཞོག་གཉའ་ཁྲིའི་གོང་ནས་
འཐུས་སྒོ་ཚང་བའི་ཡི་གེ་དང་རིག་གཞུང་ཡོད་པ་སྔར་ནས་ད་བར་ཡོངས་གྲགས་ཡིན་ལ།
ཆོས་འབྱུང་མི་ཉུང་བ་ལས་ཀྱང་སྲོང་བཙན་གོང་དུ་ཡི་གེ་ཙམ་མ་ཚད་རིག་པའི་གནས་ལྔ་
ལས་སོགས་དར་ཡོད་པ་དངོས་ཤུགས་གཉིས་ནས་གང་མང་བཤད་ཡོད་ཀྱང།
མཐོང་ཐོས་སུ་གྱུར་ཚད་ཐམས་ཅད་འདིར་འདྲེན་ན་དགོས་དམིགས་ཆེ་བར་མཐོང་ནའང་རྒྱུ་
མཚན་ལྡན་པའི་མཚན་གཞི་རེ་གལ་འགངས་སུ་སེམས་ཏེ།
༡༡„“དེར་རྒྱལ་བུ་དེ་ནར་སོན་དུས། བཟོ་དང་། རྩིས་དང་།
སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་ན་རེ།
འོ་ཅག་ཚོའི་རྗེ་འདི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས།
མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ།
དེ་ནས་རྒྱལ་པོ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ཏེ་རྒྱལ་སར་བྱོན་པ་ཡིན་ནོ།”ཞེས་པའི་ལུང་གི་བབས་ལ་བརྟན་ན་སྔར་ནས་རིག་པའི་གནས་ལྔ་སོགས་དར་ཡོད་པ་ངང་གིས་བསྟན་ཡོད་ལ།
༡༢„“རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་བོན་
པོའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་
ཚུལ་དང་མི་མཐུན་ཞིང་།
ཕྱིས་སུ་ལོ་རྒྱུས་མཁས་པ་འགས་སྲོང་བཙན་གོང་དུ་ཡི་གེ་མེད་ཅིང་ཐོན་མིས་རྒྱ་གར་
ནཱ་ག་རའི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་བཤད་ཡོད་པ་
ནི།
དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་
གོ་དོན་ཡིན་པ་མ་གཏོགས་དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་།
ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཟེར་བའི་གོ་དོན་
མིན།”ཞེས་བཤད་པ་འདིས་ཀྱང་སྲོང་བཙན་གོང་དུ་ཡི་གེ་ཡོད་ཚུལ་བསྟན་ཡོད་པ་དེ་རེད།
འདི་ནི་བོན་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་བཤད་པ་མིན་ཡང་། རིག་
པའི་རྣམ་དཔྱོད་ཀྱི་ལྷུ་ལག་རྒྱས་པའི་མང་ཐོས་ཤིག་ཡིན་ཕྱིན་འགོ་ཁུངས་དང་མཚུངས་
པའི་དྲང་བདེན་གྱི་གཤིས་ལུགས་འཚོལ་བར་རམ་འདེགས་ཞུ་རྒྱུ་དེ་ནི་རང་རང་གིས་འོས་
འགན་ཞིག་ཡིན་པས་ནམ་ཡང་འདོར་ཐབས་མེད་པའི་རང་གཤིས་རྣལ་མ་དེ་རེད།
༡༣„ “རྒྱལ་བློན་འདི་༼སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་༽གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ།
སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་༼རྟག་གཟིགས༽འོལ་མོ་ལུང་རིང་དུ་སྐུ་འཁྲུངས།
ཁམས་ཆེན་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ།
དར་ཞིང་རྒྱས་པར་མཛད།”པ་བསྟན་ཡོད།
འདིར་བསྒྱུར་ཞེས་པ་ཁམས་བརྒྱད་ལས་སོགས་བོན་རྣམས་ཞང་སྐད་ལས་བོད་ཀྱི་སྐད་ཡིག་ལ་བསྒྱུར་བར་བསྟན་པ་ལས་གཞན་ཞིག་གོ་རྒྱུ་མིན་ལ།
༡༤„“ང་རང་ཚོས་འཛམ་གླིང་རིལ་བུ་རེད་ཟེར་བ་དེ་ཕྱི་
གླིང་པས་ཐོག་མར་བཤད་པ་རེད་ཅེས་དང་དེའི་གོང་དུ་མི་ཚང་མས་འཛམ་གླིང་གྲུ་བཞི་
ཡིན་པར་ཁས་ལེན་གྱི་ཡོད་ཅེས་དེང་སང་འཛམ་གླིང་དུ་ཡོངས་ཁྱབ་ལྟ་བུ་ཤོད་ཀྱི་ཡོད་
ནའང།
ཕྱི་གླིང་པས་མ་བཤད་གོང་དུ་(རྒྱ་གར་ནས་དར་བའི་)སངས་
རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་གྱི་སྤྱི་ལོའི་དུས་
རབས་དང་པོ་ཡས་མས་ཙམ་དུ་བོན་གྱི་དཔེ་ཆའི་ནང་དུ་སྐད་ཆ་དེ་བཤད་ཟིན་པ་རེད།
འབྱུང་བ་སྣ་ལྔའི་སྙིང་པོ་འདི་འདྲ་ཞིག་རུབ་རུབ་བྱས་པ་ལས་སྒོ་ང་ཆེན་པོ་ཞིག་
བྱུང་།
དེ་ནས་རྒྱ་མཚོ་ཆེན་པོ་ཆགས།
དེ་ནས་སེམས་ཅན་རྣམས་བྱུང་ཚུལ་བཤད་པའི་དཔེ་ཆ་ཞིག་ཕྱི་རྒྱལ་གྱི་དཔེ་ཆའི་ནང་
ཉེ་དུས་བྱུང་བ་ཙམ་ལས་དེའི་སྔོན་ལ་བཤད་པ་རྩ་བ་ནས་བྱུང་མེད།
བོན་པོའི་བཤད་ཚུལ་དེ་ནི་ཡ་ལི་ཧྲེ་ཏོ་ཏེ་སོགས་ལས་ལོ་བརྒྱ་ཕྲག་ཁ་ཤས་ཀྱིས་སྔ་
བ་ཡོད།”ཅེས་བཤད་ཚུལ་དེ་དག་ལའང་དཔྱད་ཞིབ་གནང་ཚེ་སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་ཡོད་པ་ར་འཕྲོད་ཐུབ་ལ།
འདི་དག་གིས་རང་མི་རིགས་ཀྱི་མེས་པོ་གོང་མ་ཚོར་དུས་རབས་དང་དུས་སྐབས་ལ་དཔག་པའི་ཆབ་སྲིད་དཔལ་འབྱོར་རིག་གནས།
ཡི་གེ་དང་བཅས་པ་ཚད་མཐོ་པོ་ཡོད་པ་བསྟན་ཡོད་ལ།
དངོས་བྱུང་ལོ་རྒྱུས་དང་མཐུན་པའི་ཡིད་ཆེས་དང་བདེན་དཔང་གི་ཚུལ་དུ་དཔྱད་ཞིབ་ཀྱང་མི་དམན་པར་བྱས་ཡོད་པ་མངོན།
།
གཞན་ཡང་ཆོས་འབྱུང་འགའ་ཞིག་ནས་སྲོང་བཙན་སྒམ་པོ་རྒྱལ་སར་མ་བྱོན་གོང་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་རིང་ནས་བོད་དུ།
༡༥„ “མདོ་སྡེ་ཟ་མ་ཏོག་དང་། ཡི་གེ་དྲུག་པ”བཅས་
ཡོད་ཚུལ་བསྟན་ནས་བོད་ཀྱི་རྒྱལ་བློན་འབངས་སྡེ་ཐམས་ཅད་དེ་དག་ཀློག་འདོན་མི་
ཤེས་པར་ཡིག་རྨོངས་ཡིན་པར་བཤད་ཡོད་ལ་ད་དུང་ལོ་ངོ་གསུམ་སྟོང་གོང་དུ་བོད་ཁམས་
མཚོས་གང་བས་བོད་དུ་འགྲོ་བ་མི་ལྟ་ཅི་སེམས་ཅན་རི་དགས་དང་གཅན་གཟན་བཅས་ལའང་འཚོ་
གནས་མེད་པར་བསྟན་པ་བཤད་ཡོད།
འོན་ཀྱང་ཉེ་ཆར་ཨ་ཧྤི་རི་ཀའི་ནས་མི་ལོ་ས་ཡ་གཉིས་ལྷག་ཕྱིན་བའི་མི་ཡི་མགོ་རུས་
ཤིག་རྙེད་སོན་བྱུང་པ་དང་མཚུངས།
བོད་ནས་ས་འོག་མཁར་ཤུལ་ནས་རྫ་ཆག་དང་བྲག་ངོས་ནས་ཡིག་རིས།
རི་སེང་ནས་བསེ་རུའི་ཐོད་རུས་༼༌༌༌༌༌༽སོགས་རྙེད་པ་བཅས་ཀྱིས་གངས་ཅན་གྱི་ཞིང་
དུ་མི་ལོ་བཞི་སྟོང་དང་།
ས་ཡའི་༼་་་་༽གོང་དུ་འགྲོ་བ་མི་དང་སེམས་ཅན་གཞན་པ་འཚོ་གནས་བྱུང་ཡོད་པའི་བརྡ་
ལེན་ཙམ་བྱས་པས་དྲན་དབང་འགས་ཕྱི་བཤོལ་ཡང་མ་བྱས་པ་མིན།
།
སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་མེད་ཅེས་བཤད་ཡམ་ཅིག་ཡོད།
མི་
ལོ་སུམ་སྟོང་གོང་དུ་བོད་ཁམས་ཡོངས་སུ་མཚོ་ཡིས་ཁེང་ཡོད་ལ།
ཕྱིས་སུ་མཚོ་བྲི་སྟེ་རྩི་ཤིང་ནགས་ཚལ་གྲུབ་ཅིང་མི་མ་ཡིན་གྱིས་བདག་ཏུ་བཟུང་
ཚུལ་དང་།
རྗེས་སུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྲེའུ་ཞིག་དང་བྲག་སྲིན་མོ་གཉིས་
ལས་འགྲོ་བ་མིའི་རིགས་གྲོལ་ནས་བོད་མི་ཆགས་པའི་བཤད་ཚུལ་དེ་ནི་ཆོས་འབྱུང་༡༦„ཕལ་
མོ་ཆེ་ལས་ཡོངས་གྲགས་ཟེར་ནའང་མི་ཆོག་པ་མེད་སྙམ།
འོན་ཀྱང་བོན་གཞུང་ཁག་ནས་དེ་ལས་ལྡོག་སྟེ་བོད་ཁ་བ་ཅན་གྱི་ཡུལ་དུ་འགྲོ་བ་མིའི་
རིགས་གྲོལ་ནས་ཡ་མཐའ་མི་ལོ་དཔག་མེད་གོང་ནས་ཡོད་པར་བཞེད་ལ་ཉུང་མཐའ་ཡང་ཞང་བོད་
ཀྱི་ཡུལ་ན་མི་ལོ་ཆིག་ཁྲི་གོང་ནས་འགྲོ་བ་མིའི་རིགས་དང་བོན་ཆོས་ཡོད་པར་བཞེད།
བོད་རྒྱལ་གཉའ་ཁྲིའི་དུས་ནས་བོད་ཡིག་ཙམ་མ་ཚད་བོད་དུ་རིག་གནས་མོ་རྩིས་གཏོ་
དཔྱད་དང་བཟོ་ལས་སོགས་རིག་པའི་གནས་བཅས་དར་བར་བསྟན་ཡོད་རུང་དེ་དང་མི་མཐུན་
པའི་བཤད་ཚུལ་ནི་བན་དྷེའི་ཕྱོགས་ནས་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་ཡོད།
གཅིག་ནི་བན་དྷེའི་ལོ་རྒྱུས་ལས་སྲོང་བཙན་གོང་ཏུ་བོད་ཡིག་མེད་ཅེས་པའི་བཤད་ཡམ་
དེ་རེད།
བཤད་ཡམ་དེ་ནི། ༡༧„ “ཐོན་མི་སམ་བྷོ་ཊ་ལ་གསེར་ཕྱེ་
བྲེ་གང་རྒྱགས་སུ་བསྐུར་ནས་ཡི་གེ་སློབ་ཏུ་བཏང་བས།
ཐོན་མི་སམ་བྷོ་ཊས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནམ་༼ནས༽བྲམ་ཟེ་ལི་བྱིན་ཏི་ཀ་བྱ་
བའི་ཡིག་མཁན་ཅིག་དང་མཇལ་ནས།
བྲམ་ཟེ་དེ་ལ་ཁྱེད་ཀྱིས་ང་ལ་ཡི་གེ་སློབ་དང་ཅེས་ཞུས་ནས་གསེར་དེའི་ཕྱེད་ཕུལ་
བས།
བྲམ་ཟེ་ན་རེ། ངས་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་ཤེས་པས།
བོད་ཕྲུག་ཁྱོད་ཡི་གེའི་ལུགས་གང་སློབ་ཟེར་ཏེ་བྲམ་ཟེས་བོད་ཕྲུག་ཁྲིད་ནས་རྒྱ་
མཚོའི་འགྲམ་ན་རྡོ་རིང་ཞིག་ལ་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་བཀྲ་ལམ་མེ་བ་
བྲིས་བརྐོས་ཡོད་པ་དེ་བསྟན་པས།
བོད་ཕྲུག་ན་རེ་ང་ཡི་གེ་འདི་སློབ་བོ་ཟེར་ནས་བོད་ཀྱི་ཡི་གེའི་ལུགས་འདི་བསླབས་
སོ།”ཞེས་པའི་བཤད་ཚུལ་དེའི་རྗེས་སུ་མཁས་པ་དུ་མའི་བྱ་བ་དེ་དབུ་བརྩམ་ཞིང་བཤད་ཡམ་དེ་བོད་དུ་དར་ཁྱབ་ཕྱིན་པ་ཞིག་རེད།
ཡང་ཅིག་བཤད་ན། ༡༨„“དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་འཛམ་བུ་གླིང་ན་དབང་ཆེ་བ་ཡིན་པས།”ཅེས་
བསྟོད་པའི་ཚུལ་དུ་བྲིས་པ་ཞིག་ཡིན་ནའང་།
དོན་དངོས་ཐོག་རྒྱལ་པོ་ཡིག་རྨོངས་ཅན་ཞིག་ཡིན་ཚེ་འཛམ་བུ་གླིང་ན་དབང་ཆེ་ཚུལ་
བཤད་པ་དེ་ནི་བྱིས་པ་ག་གེ་མོ་ཞིག་གིས་རང་གི་ཕ་ལས་དབང་ཆེ་བ་ཞིག་མེད་པར་འདོད་
པ་དང་གཅིག་མཚུངས་ཡིན།
ལྷག་ཏུ་སྲོང་བཙན་སྒམ་པོས། ༡༩„ “འདི་ཙམ་ལ་ཟས་ནོར་འདི་འདྲ་ཁྱེར་ལ་ཤོག་ཟེར་བ་ལ་ཁ་འཕྲིན་གཏོང་བ་མ་གཏོགས་ཡི་གེ་མེད་པས།”ཅེས་
པ་འདིས་སྲོང་བཙན་སྒམ་པོའི་བྱ་སྤྱོད་ངན་མཚངས་ཕྱི་རུ་བསྟན་པས་མ་ཚད།
བོད་རྒྱལ་གོང་མ་རྣམས་ལ་ཡང་དམའ་འབེབ་ཚད་ལས་བར་བརྒལ་བར་བྱས་ཡོད།
འདི་དག་གི་དམིགས་ཡུལ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་རང་ས་ནས་དར་
བའི་ཤེས་རིག་དང་ཡི་གེ་མེད་པར་སྒྲུབ་ཅིང་ཡི་གེའི་འབྱུང་ཁུངས་ཀྱང་རྒྱ་གར་ཡིན་
པར་སྒྲུབ་བྱེད་ཀྱི་ལྷུ་ཚིགས་བཙན་སྒྲིག་བྱས་པ་ཞིག་ཡིན་པར་སྙམ།
བོན་ལུགས་སུ་སྔར་བོད་བཙན་པོའི་དུས་སྐབས་སུ་སྟོབས་འབྱོར་མངའ་ཐང་དང་།
ཆབ་དཔལ་རིག་གསུམ་བོན་ཆོས་བཅས་རྒྱལ་ཁབ་སྐྱོང་བའི་མཐུན་རྐྱེན་མཐའ་དག་ཚང་ལ།
བོད་ཁ་བ་ཅན་དུ་བདེ་སྐྱིད་འཛོམས་ཤིང་གཡས་གཡོན་རྒྱལ་ཁབ་དག་གིས་འགྲན་ཟླ་བྲལ་
བའི་ཡུལ་ཁམས་ཅིག་ཡིན་ཡང་།
རྒྱ་དཀར་ནག་གིས་ཕྲག་དོག་དང་གཡོ་ཇུས་ལས་བོད་འདི་ཕུང་པའི་བྱ་བ་ནི་རྒྱལ་པོ་ལྷ་
ཐོ་ཐོ་གཉན་བཙན་རིང་ནས་དབུ་བརྙེས་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ལ་ལོ་རྒྱུས་
ལ་ཡང་མ་འཁོད་པ་ནི་མིན་ཏེ།
༢༠„ “རྒྱ་གར་རྒྱལ་པོས་རྒྱ་ནག་རྒྱལ་པོའི་ཅན་བང་ཆེན་མི་གསུམ་བརྫངས་ནས།
འུ་རྒྱ་གར་ནག་སྟག་གཟིག་དང་གསུམ་ལ། བོད་ཀྱི་རྒྱལ་པོས་གནོད་པར་འདུག་པས།
དེ་འདུལ་བའི་ཐབས་ལ་རེམ་ཞིག་ཟེར་རོ། རྒྱ་ནག་རྒྱལ་པོས། རྒྱ་གར་རྒྱལ་པོ་བདེན་ཏེ།
འུ་གཞན་གྱི་རྗེ་མིས་བྱེད། ཁོའི་རྗེ་ལྷས་བྱེད་པར་འདུག རྒྱལ་པོ་ནི་དབང་ཆེ།
བློན་པོ་ནི་གྲོས་ཆེ། བོན་ནི་མཐུ་ཆེ་བས། འུ་གཞན་གྱིས་མི་ཐུབ།
བོད་རྒྱལ་ཕུང་བའི་ཐབས་ལ་ཆོས་བོད་དུ་གཏོང་དགོས། དེས་ཕུང་ནུས།”ཞེས་གསལ་བ་ཇི་བཞིན་བོད་ཕུང་ལ་སྦྱར་བ་ཡིན།
རིག་པས་ཞིབ་དཔྱད་བྱས་ཚེ་བདེན་པའི་གནས་ལུགས་གསལ་ཡང་གྱ་ཉེས་ཀྱིས་ཕུང་ལ་བསྐྱལ་ཟིན་པ་ཞིག་རེད། གཞན་ཡང་༢༡„“སམ་
བྷོ་ཌ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས།
བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་
ཏེ།
ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་
སྐྱེས་བུ་རྒད་པོ་ཕྱག་མཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས།
གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན།
ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས།
རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། ཡང་དག་དོན་ལ་བྱ་བྱེད་མེད།
ནམ་མཁའ་༼ལམ་དུ་༽བྱས་པ་ལ།
སྒོ་ཆ་བསྡམས་པ་ག་ལ་ཐུབ་ཟེར་རོ།
དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒན་པོ་ན་
རེ།
ང་ཞང་ཞུང་(གི་)མི་ཡུལ་ནས་འོང། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར།
མི་སྣང་བར་སོང་ངོ་། དེ་སམ་བྷོ་ཌས་བསམ་པར་རིགས་འ་ཞ་ཡིན་ཟེར་བས་འ་རྙེད།་ཞང་ཞུང་ནས་ཡོང་ཟེར་བས་ཞ་རྙེད།
ཟ་ཧོར་ཡུལ་དུ་འགྲོ་བས་ཟ་རྙེད། ཐག་ཇི་ཙམ་བྱས་པས་ཅི་ཆ་ཡོད་ཟེར་བས་ཅ་དང་ཆ་རྙེད་དོ།
རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར་བས་ཇ་རྙེད།”ཅེས་པའི་
བཤད་སྲོལ་དེ་དག་གིས་ཐོན་མིས་ཟ་ཧོར་དང་ཞང་ཞུང་ཞེས་པའི་བརྡ་ཆད་དེ་རྣམས་སྔོན་
ཆད་གོ་ཐོས་མ་མྱོང་པ་ལྟར་བཤད་ཡོད་པས་དེ་ནི་དངོས་གཤིས་དང་འགལ་བའི་ཆེས་མི་འོས་
པའི་བཤད་ཡམ་ཞིག་ཡིན་ཡང་།
གང་ལྟར་དེ་དག་ལ་བརྟེན་ནས་ཐོན་མིའི་གོང་དུ་བོད་ཡིག་མེད་ཅེས་བཤད་ཡམ་ཞིག་དར་
ཁྱབ་ཏུ་ཕྱིན་པ་དྲན་དབང་རྣམས་ཀྱིས་སྣང་ངོར་གྲུབ་ཅིང་།
བཤད་ཡམ་དེ་དག་དངོས་ཡོད་ལོ་རྒྱུས་དང་མཐུན་མིན་ནི་ཞིབ་ཏུ་དཔྱད་འོས་ཅིག་ཡིན་
ནོ། །