ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་གྱི་
ལོ་རྒྱུས་སྙིང་བསྡུས།
༡༽ གཡུང་དྲུང་བོན་གྱི་གྲུབ་མཐའ་ནི།
ཕྱི་ལོའི་(༡༦༠༡༧)ཡར་སྔོན་དུ་བྱུང་བའི་གྲུབ་མཐའ་ཞིག་ཡིན།
གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་སྲོལ་འབྱེད་པ་པོ་ནི་ཚེ་ལོ་བརྒྱའི་སྟོན་པ་གཤེན་རབ་མི་བོ་ཆེས་དེ་ཉིད་ཡིན།
སྟོན་པ་གཤེན་རབ་མི་བོ་འཁྲུངས་ནས་ལོ་(༡༨༠༣༡)ཕྱིན་ཡོད། བོན་གྱི་གྲུབ་མཐའ་འདི་ལ་གྲུབ་མཐའི་རྒྱལ་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི།
ཞང་བོད་ཡུལ་གྱི་གྲུབ་མཐའ་ཚང་མའི་༼ཆུ་ཕུགས་གངས་ལ་ཐུག ཆོས་ཕུགས་བོན་ལ་ཐུགས།
ཅེས་བཤད་པ་ལྟར་ཡིན།༽ཆོས་དང་རིག་གཞུང་གི་འབྱུང་ཁུངས་ཡིན་པའི་ཕྱིར་གྲུབ་མཐའི་རྒྱལ་པོ་ཞེས་དང་།
གཞན་ཡང་ཞང་བོད་ཡུལ་དུ་གྲུབ་མཐའ་མང་ཡང་རྒྱུའི་བོན་བཞི་དང་འབྲས་བུའི་བོན་བཞི་དང་།
ཁྱད་པར་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ལས་སོགས་བསྟན་པའི་བོན་དཔེ་དང་། རིག་གཞུང་(ཡི་གེ་དང་རིག་གནས།)སོགས་གང་གི་ཆ་ནས་ཕུན་སུམ་ཚོགས་པའི་ཁྱད་བོན་ལྡན་པས་དེ་ལྟར་ཐོག་པ་ཡིན། གྲུབ་མཐའ་འདི་ལ་ཞྭ་དཀར་གཡུང་དྲུང་བོན་ཡང་ཟེར།
དེ་ལྟར་ཐོག་པའི་ཚུལ་ནི་སྔར་བོན་གྱི་གྲུབ་ཆེན་རྣམས་ཀྱི་‘‘དབུ་ཞྭ་དཀར་མོ་རྩེ་རྒྱལ་’’ཞེས་པའི་དབུ་ཞྭ་དེ་མནབས་པས་ཞྭ་དཀར་གཡུང་དྲུང་བོན་ཞེས་མཚན་ཐོག་པ་ཡིན།
ལྟ་བ་གཙོ་བོ་ནི་བླ་ན་མེད་པའི་རྫོགས་པ་ཆེན་པོའི་ལྟ་བ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཞེས་པའི་ལྟ་བ་དེ་འདོད།།
༢༽ རྙིང་མ་པའི་གྲུབ་མཐའ་ནི།
རྙིང་མ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ནང་གི་ཆེས་ཐོག་མ་དེ་ཡིན།
གྲུབ་མཐའ་དེ་ནི་དུས་རབས་བརྒྱད་པའི་ཕྱི་ལོ་(༧༥༢)ཙམ་ལ་དར་བ་ཞིག་ཡིན།
སྲོལ་འབྱེད་པ་པོ་ནི་སློབ་དཔོན་པད་མ་འབྱུང་གནས་ཡིན་པར་གྲགས།
སློབ་དཔོན་དེ་ཉིད་དུས་རབས་བརྒྱད་པའི་ནང་དུ་སྐུ་འཁྲུངས་ཤིང་།
འདས་ལོ་ནི་ཆོས་འབྱུང་སོགས་ནས་ཁ་གསལ་རྙེད་སོན་མ་བྱུང་།
གྲུབ་མཐའ་འདི་ལ་རྙིང་མ་ཞེས་མཚན་ཐོག་ཚུལ་ནི།
གནའ་བོའི་བོན་ཆོས་མིང་པོ་བསྡུ་ལེན་བྱས་པས་ཐོག་པ་ཡིན་པར་(ཞིབ་འཇུག་པ།
ཧི་ཞའོ་ཀྲུའུ་རྩོམ་ཆོས། ཧི་མ་ལ་ཡ་ཡི་ཚིག་མཛོད་ནས།)གསལ།
བོན་གྱི་ལོ་རྒྱུས་སོགས་ནས་སྔ་འགྱུར་གསང་སྔགས་པའམ་རྙིང་མའི་རྫོགས་པ་ཆེན་པོ་ལྟ་བའི་ཁུངས་གཏུག་ས་དེ་བོན་ཆོས་ཡིན་ཟེར་བ་ལྟར་ཐུའུ་བཀན་ཡང་དེ་ལྟར་བཞེད་པར་སྣང་ཡང་རྙིང་མ་རང་གིས་ཁུངས་གཏུགས་ས་བོན་པོ་ཡིན་པར་ཁས་མི་ལེན།
རྙིང་མའི་མཁས་པ་རེ་གཉིས་ཀྱིས་ཁས་ལེན་པ་ལ་རྙིང་མའི་ཁས་ལེན་ཞེས་ན་མི་འཐད།
ཐོག་ཚུལ་གཞན་ཞིག་ནི་དུས་རབས་བཅུ་གཅིག་ནང་དུ་གཞི་ནས་ཐོག་པ་ཞིག་ཡིན་ཟེར།
སྔར་གྱི་ཆོས་དཔེ་མང་པོ་རྒྱལ་པོ་གླང་དར་མའི་སྐབས་སུ་གཏེར་དུ་རྦས་པ་རྣམས་དུས་རབས་བཅུ་གཅིག་པའི་ནང་དུ་ཆོས་དཔེ་རྙིང་པ་རྩ་ཆེན་རྣམས་གཏེར་ནས་དྲུངས་པས་དེ་ལྟར་ཐོག་པའི་ཚུལ་དང་ལོ་ཙ་བ་བཻ་རོ་ཙཱ་ན་དང་ལོ་ཙ་བ་རིན་ཆེན་བཟང་པོ་གཉིས་བྱོན་རྗེས་སུ་གསང་སྔགས་གསར་རྙིང་གཉིས་བྱུང་པ་ལས་སྔར་ཐ་སྙད་དེ་འདྲ་མེད་པར་བཤད། ལ་ལས་གྲུབ་མཐའ་འདི་ལ་ཞྭ་དམར་པ་ཞེས་མཚན་ནས་འབོད་ལ།
ཞྭ་དམར་པ་ཞེས་པའི་མཚན་ནི་ཆོས་སྒོ་དེར་ཞུགས་པའི་དགེ་འདུན་རྣམས་ནས་དབུ་ཞྭ་དམར་པོ་མནབས་པས་ཞྭ་དམར་པ་ཐོག་པར་སྙམ། ལྟ་བ་ནི་རྫོགས་ཆེན་གྱི་ལྟ་བར་འདོད།།
༣༽ ས་སྐྱ་པའི་གྲུབ་མཐའ་ནི།
བོད་ཀྱི་ཆོས་བརྒྱུད་ལས་དཔལ་ས་སྐྱ་བའི་ཆོས་ལུགས་ཀྱི་གྲུབ་མཐའ་ནི་ཕྱི་ལོ་དུས་རབས་བཅུ་གཅིག་ནང་ལ་དར་བར་འདོད།
གྲུབ་མཐའི་འདི་ནི་འཁོན་དཀོན་མཆོག་རྒྱལ་པོས་སྲོལ་འབྱེད་པ་ཞིག་ཡིན།
ཁོང་ནི་དུས་རབས་བཅུ་གཅིག་ནང་དུ་(༡༠༣༤)སྐུ་འཁྲུངས་ནས་རབ་བྱུང་དང་པོའི་ཆུ་གླང་ལོ་ས་སྐྱ་དགོན་པ་ཕྱག་(༡༠༧༣)བཏབ་ཅིང་རབ་བྱུང་གཉིས་པའི་ཆུ་རྟ་ལོར་(༡༡༠༢)སྐུ་གཤེགས།
གྲུབ་མཐའ་འདི་ལ་ས་སྐྱ་བ་ཟེར་དོན་ནི་ས་སྐྱ་དགོན་པ་ཕྱག་བཏབ་ཡུལ་དེར་ས་དཀར་ཤས་ཆེས་བར་བརྟེན་ས་སྐྱ་ཞེས་ཡུལ་མིང་ཆོས་ལུགས་ལ་ཐོག་པ་ཡིན། གྲུབ་མཐའ་འདིའི་ཐུན་མིན་ལྟ་བ་ནི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་ཟེར་བ་དེ་ཡིན།།
༤༽ བཀའ་བརྒྱུད་པའི་གྲུབ་མཐའ་ནི།
བཀའ་བརྒྱུད་པའི་གྲུབ་མཐའ་ནི་ཕྱི་ལོ་དུས་རབས་བཅུ་གཅིག་པའི་ནང་དུ་དར་བ་ཞིག་རེད།
གྲུབ་མཐའ་དེ་ནི་མར་མི་དྭགས་གསུམ་གྱིས་སྲོལ་འབྱེད་པ་ཞིག་ཏུ་གྲགས།
མར་མི་དག་གསུམ་ནི་མར་པ་ལོ་ཙཱ་བ། མི་ལ་རས་པ། དྭགས་པོ་བསོད་ནམས་རྒྱལ་མཚན་བཅས་རེད།
བཀའ་བརྒྱུད་པ་ཞེས་མཚན་ཐོག་ཚུལ་ནི་གྲུབ་ཆེན་ཏེ་ལོ་པ་ནས་བཀའ་བབས་ཀྱི་གདམས་ངག་བཞི་(ཕ་རྒྱུད་གསང་བ་འདུས་པའི་བཀའ་བབས།
མ་རྒྱུད་འཁོར་ལོ་བདེ་མཆོག་གི་བཀའ་བབས། རྨི་ལམ་དང་པོ་བར་དོའི་གདམས་ངག་གི་བཀའ་བབས།
འཕོ་བ་དང་གྲོང་འཇུག་གི་བཀའ་བབས་དང་བཞི་ཡིན)བརྒྱུད་འཛིན་མཛད་པས་བཀའ་བརྒྱུད་པ་ཞེས་ཐོག། བཀའ་བརྒྱུད་པའི་གྲུབ་མཐའ་ལ་སྡེ་གཉིས་ཡོད།
གཅིག་ནི་བོན་གྱི་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་གཙང་པའི་ཡུལ་དུ་དགོན་པ་བཏབ་ནས་ཤངས་པ་བཀའ་བརྒྱུད་བྱུང་།
གཞན་ཡང་ཁྱུང་པོ་རྣལ་འབྱོར་བས་དགོན་པ་བརྒྱ་དང་བརྒྱད་བཏབ་ཅེས་(མཁས་དབང་དུང་དཀར་འཕྲིན་ལས་ཀྱི་གསུང་འབུམ།
གྲུབ་མཐའི་སྐོར་གྱི་རྣམ་བཤད།)ལས་གསལ།
དྭགས་པོ་བཀའ་བརྒྱུད་ནི་དྭགས་པོ་ལྷ་རྗེ་དང་།
རས་བྱུང་རྡོ་རྗེ་གྲགས་པ་ཞེས་པའི་བླ་མ་དེ་གཉིས་ལས་བརྒྱུད་པ་ཡིན།
དྭགས་པོ་བཀའ་བརྒྱུད་ལ་བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་ཡོད།
ལྟ་བ་ནི་སྟོང་པ་ཉིད་ཀྱི་ལྟ་བ་ཕྱག་བརྒྱ་ཆེན་པོ་ཟེར་བ་དེ་ཡིན།།
༥༽ ཇོ་ནང་པའི་གྲུབ་མཐའ་ནི།
ཇོ་ནང་པའི་གྲུབ་མཐའ་ནི་དུས་རབས་བཅུ་གསུམ་ནང་དུ་དར་བ་ཞིག་རེད།
ཇོ་ནང་གི་བསྟན་པའི་སྲོལ་འབྱེད་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་དོལ་པོ་ཤེས་རབ་རྒྱལ་མཚན་རྣམ་གཉིས་ཡིན།
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ནི་ཕྱི་ལོ་དུས་རབས་བཅུ་གསུམ་ནང་(༡༢༤༣)དུ་སྐུ་འཁྲུངས། དུས་རབས་བཅུ་བཞི་(༡༣༢༤)ནང་དུ་དགོངས་པ་རྫོགས།
གྲུབ་མཐའ་འདི་ལ་ཇོ་ནང་ཞེས་མཚན་ཐོག་ཚུལ་ནི་ཇོ་མོ་ནང་ཞེས་པའི་ས་མིང་དེ་དགོན་པར་ཐོག་དགོན་པའི་མཚན་ཆོས་ལུགས་ལ་ཐོག་པ་ཞིག་ཡིན་སྙམ། གྲུབ་མཐའ་འདིའི་ལྟ་བ་མཐར་ཐུག་ནི་གཞན་སྟོང་ཟེར་བའི་ལྟ་བ་དེ་ཡིན་པར་འདོད།
གཞན་སྟོང་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་ཡིན་པ་དེ་ཉིད་རྟག་པ་ཡིན་པ་དང་དངོས་པོ་མིན་ཡང་དངོས་པོར་ཁྱབ་པའི་གནས་ལུགས་ཡོན་ཏན་ཀུན་ཚང་བ་ཞིག་ཡིན་པར་བཞེད།།
༦༽ དགེ་ལུགས་པའི་གྲུབ་མཐའ་ནི།
དགེ་ལུགས་པའང་རི་བོ་དགའ་ལྡན་པའི་གྲུབ་མཐའ་ནི་ཕྱི་ལོ་(༡༤༠༩)ལ་གསར་གཏོད་བྱས་པ་ཞིག་ཡིན། གྲུབ་མཐའ་འདི་ནི་རྗེ་ཙོང་ཁ་པས་སྲོལ་འབྱེད་པ་ཡིན།
རྗེ་ཙོང་ཁ་པ་ནི་རབ་བྱུང་དྲུག་པའི་མེ་བྱི་ལོར་(༡༣༥༧)ཙོང་ཁའི་ཡུལ་དུ་འཁྲུངས་ཕྱི་ལོར་(༡༤༡༩)སྐུ་ཞི་བར་གཤེགས་པ་རེད།
དགེ་ལུགས་ཞེས་མཚན་ཐོག་ཚུལ་ནི་དགའ་ལྡན་པའི་མཚན་འགྱུར་བ་ཙམ་ལས་དོན་དུ་དགའ་ལྡན་པ་དང་གོ་བ་གཅིག་ལས་ལོགས་སུ་མེད།
ཞྭ་སེར་པ་ཟེར་དོན་ནི་རྗེ་ཙོང་ཁ་པའི་སློབ་བུ་དགེ་ལེགས་དཔལ་བཟང་གི་རེ་འདོད་དང་བསྟུན་ཞྭ་སེར་པོ་གྱོན་པས་ཞྭ་སེར་པ་ཞེས་ཐོག་ཚུལ་ཡོད་ཀྱང་།
བོན་ཕྱོགས་ནས་བཤད་སྲོལ་ཞིག་ནི་སྔར་བསྟན་པ་ཕྱི་དར་སྐབས་སུ་བླ་མ་མི་བརྗེད་པའི་རྟགས་སུ་ཕྱུང་ཞྭ་དཀར་པོ་ལ་ས་སེར་པོ་བྱུགས་པས་དེ་ལྟར་རྒྱུན་འཇགས་སུ་སོང་བར་གྲགས།
གཞན་ཡང་ཆོས་འབྱུང་འགའ་ཞིག་ནས་((བོན་གྱི་ཞྭ་མོ་སྔོན་པོ་ཞིག་ཡོད་པ་དེ་ཕྱི་ནང་སློག་ནས་ཕྱི་དཀར་པོ་དེར་ཚོས་སེར་པོ་བྱུགས་ཏེ་ཁྱོད་ཚོ་ཞྭ་མོ་འདི་གྱོན་ནས་བོད་ལ་ཕྱིན་ཏེ་སངས་རྒྱས་ཆོས་ལུགས་དེར་སྤེལ་གཏོང་དགོས་ཤེས་བསླབ་བྱ་གནང་བས་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་སྔར་བས་དར་འཕེལ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་དུ་དབུས་གཙང་གི་མཁས་པ་མི་བཅུ་ཚང་མས་དབུ་ཞྭ་སེར་པོ་བཞེས་པ་མ་ཟད།
རྗེས་སུ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པའི་རྒྱུ་མཚན་དེ་འདྲ་ཡིན།))ཞེས་པས་ཞྭ་སེར་མནབས་པ་ཆེས་དར་ཁྱབ་ཕྱིན་པས་ཐོག་པར་དོན་དང་མཐུན་པར་སྙམ།
གྲུབ་མཐའ་འདིའི་ལྟ་བ་ནི་དབུ་མ་པའི་ལྟ་བར་འདོད།། །།