དག་ཞུས་ཐེངས་གཉིས་།
ལམ་རིམ་དྲུག་ཅུ་རྩ་བརྒྱད་པ་ལེགས་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས།
སྔོན་འགྲོ་ཀླད་ཀྱི་དོན་བསྟན་པ།
དུས་གསུམ་རྒྱལ་ཀུན་འདུས་གཙོ་བླ་མ་མཆོག།
ལེགས་བཤད་བདུད་རྩི་སྦྱིན་པོ་མཁན་སློབ་ཟུང་།།
མ་རིག་མུན་པ་སེལ་མཁས་ཕྱྭ་སྲས་དངོས།།
བློ་གྲོས་རྒྱས་པར་མཛད་ལ་གུས་པས་འདུད།།
ཐོ་ཡིག་བཞི་བཅུ་འཕྲུལ་ངག་བདེན་པའི་བོན།།
སྲིད་ཞི་བཀོད་པ་ཡོངས་སུ་གདམས་པ་བཞིན།།
བཙོ་མ་གསེར་ལྷག་མེས་པོའི་ཕ་ནོར་ལས།།
ལེགས་བཤད་བདུད་རྩིའི་ཐིགས་པ་བཤད་ལ་སྤྲོ།།
འོ་ཆུ་གཅིག་ཏུ་འདྲེས་པའི་རྒྱ་མཚོ་ཡང་།།
རུས་སྦལ་འབྱེད་པའི་བྱ་བར་འཇུག་བཞིན་དུ།།
དགེ་སྡིག་ལས་འབྲས་རྣམ་བཞག་མ་འདྲེས་པར།།
ལེགས་བཤད་བདུད་རྩིའི་ཐིགས་པ་འདི་གར་རོལ།།
དངོས་གཞི་གཞུང་གི་དོན་བསྟན་པ།
དང་པོ་བླ་མ་བསྟེན་ཚུལ།
སྐོམ་གདུང་སེལ་བའི་ཆུ་འགོ་མེད་གྱུར་ན།།
གཏིང་དཔག་དཀའ་བའི་རྒྱ་མཚོ་མི་རྙེད་བཞིན།།
བླ་མར་གདམས་ངག་མ་གསན་གོང་རོལ་ན།།
སངས་རྒྱས་སྒྲུབ་པའི་ལམ་ཟིན་ཨ་ཙ་མ།།
དགོས་འབྱུང་ནོར་བུ་མཁས་པར་བསྟེན་བྱས་ན།།
གང་འདོད་འཛད་མེད་ལོངས་སྤྱོད་འབྱུང་བ་བཞིན།
དཔོན་གསས་དམ་པར་བསྟེན་པའི་སྐྱེས་བུ་གང་།།
སྤངས་རྟོགས་ཡོན་ཏན་ཕུན་ཚོཊ་ལེགས་པར་འབྱུང་།།
ཟེའུ་འབྲུ་སྨིན་པའི་པད་མའི་སྐྱེ་ཚལ་ལ།།
འདུན་པའི་རྐང་དྲུག་ཚོགས་རྣམས་འདུ་བ་བཞིན།
མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་ལ།།
སྐལ་ལྡན་བློ་གསལ་བུ་སློབ་ཕྱོགས་མེད་འཁོར།།
གཙང་དག་རིན་ཆེན་ཤེལ་གྱི་སྒོ་ང་ལ།།
དྲི་བག་འདམ་དང་གཡའ་ཡིས་མ་གོས་བཞིན།།
འཁོར་འདས་རོ་གཅིག་གཟིགས་པའི་བླ་མ་ལ།།
འཇིག་རྟེན་བོན་བརྒྱད་བྱ་བའི་སྐྱོན་གྱིས་དབེན།།
གཉིས་པ་དལ་འབྱོར་རྙེད་དཀའ་བར་བསམ་པ།
ཆུ་ལུད་དྲོད་གཤེར་འཛོམས་པའི་ཞིང་ས་ལ།།
མཛངས་མས་སོ་ནམ་མཁས་ན་འབྲས་སྨིན་བཞིན།།
དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་དེར།།
ཉམས་ལེན་རྒྱུན་གྱིས་སྐྱོང་ན་འོད་སྐུར་སྨིན།།
ནམ་མཁའི་སྐར་མ་གྲངས་ཀྱིས་མི་ལོང་ཀྱང་།།
ཉིན་གུང་སྐར་མ་མཐོང་ཡུལ་ཆེས་དཀོན་བཞིན།།
སྐྱེ་བ་མཐའ་མེད་འགྲོ་བའི་ལུས་བླངས་ཀྱང།།
དལ་འབྱོར་རྟེན་བཟང་ཐོབ་པ་ད་རེས་ཙམ།།
གངས་ལ་འགྱིང་བའི་སེང་གེའི་འོ་ཞོ་ཉིད།།
བཙོ་མ་གསེར་ལས་སྣོད་གཞན་མི་རུང་བཞིན
ཐེག་ཆེན་ཡངས་རྩེ་བླ་མེད་རྫོགས་ཆེན་བོན།།
དལ་རྟེན་རུང་ཡང་གཞན་པའི་འོས་མི་འགྱུར།།
གསུམ་པ་མི་རྟག་པར་བསམ་པ།
གཤིན་ས་འཛོམས་ལ་ལོ་འབྲས་ལེགས་སྨིན་ལ།།
སྡེ་བརྒྱད་འཁྲུག་ཅིང་སེར་བས་རྩེ་ནས་བཅོམ།།
དལ་འབྱོར་མི་ལུས་རིན་ཆེན་རྟེན་རྙེད་ཀྱང་།།
དེ་བཞིན་འཆི་རྐྱེན་མ་ངེས་གློ་བུར་བ།།
རྒྱ་མཚོའི་རྦ་རླབས་གཅིག་རྗེས་གཉིསམཐུད་ནས།།
བགྲང་མེད་འབྱུང་ཡང་རྟེན་གནས་གཅིག་མེད་བཞིན།།
འགྲོ་བའི་ལུས་རྟེན་རྙེད་པ་བརྗོད་འདས་ཀྱང་།།
མི་འཇིག་བདེ་བར་གནས་པ་ཡེ་མ་སྲིད།།
ཚ་གདུང་མནར་བའི་བྱེ་ཐང་རི་དྭགས་འགའ།།
སྨིག་སྒྱུ་ཆུ་རུ་བདེན་པར་མཐོང་བ་བཞིན།།
འཇིག་རྟེན་སྤྱོད་པ་བོན་བརྒྱད་བྱ་བ་ཀུན།།
བློ་དམན་ཕལ་བའི་རྟག་པར་མཆོག་ཏུ་རློམ།།
བྱིས་པ་འགའ་ཡིས་རྩོལ་བའི་གྲོང་བར་ནས།།
ཁ་བའི་རྡུལ་བརྩེགས་གྱད་གཟུགས་རྟག་མིན་བཞིན།།
སེམས་ཅན་ལས་དང་སངས་རྒྱས་ཐུགས་སྨོན་ལས།།
གྲུབ་པའི་འཇིག་རྟེན་འདི་ཡང་མི་རྟག་གོ།།
མདང་གསུམ་གཉིད་དུ་རྨིས་པའི་ལྟོས་བཅས་སོགས།
རྨི་ལམ་ཡིན་པར་ཤེས་ན་འཁྲུལ་མིན་བཞིན།།
ཚེ་འདིར་སྣང་བ་བཟང་ངན་གང་ཤར་ཡང་།།
མི་བདེན་སྒྱུ་མར་སྣང་ན་རྟག་འཛིན་ལྡོག།
དོན་བཞི་པ་འཁོར་བའི་ཉེས་དམིགས་བསྟན་པ།
རྫས་དང་སྔགས་ལས་གྲུབ་པའི་གྱི་ལིང་གཟུགས།།
རྟ་ལ་དགའ་བའི་རྒྱལ་པོས་འཁྲུལ་བཞིན་དུ།།
དཔལ་དང་འབྱོར་བ་འཇིག་རྟེན་ཡོན་ཏན་ལ།།
སེམས་ཅན་བདེན་སྣང་ཁམས་གསུམ་ས་ལ་འཁོར།།
གར་སྟབས་དགའ་བའི་གྲ་ཡག་ཝ་མོ་ཡང་།།
རྙི་ལ་ཚུད་དུས་ངུ་སྐད་རི་ཀླུང་འགེངས།
དེ་བཞིན་ཉེ་དུ་སྐྱོང་ལ་མཁས་ན་ཡང་།།
ཕྱི་མའི་ཡུལ་ནས་མྱ་ངན་འབོད་སྒྲས་ཁེངས།
རྒྱ་ཕག་དཀར་པོའི་ཤ་ཚིལ་རྒྱས་པ་འདི།།
ཚེ་འདིར་ཕན་མེད་འཆི་བའི་ལྟས་སྔ་བཞིན།།
མི་ཚེ་གྲོང་ཆོག་བསགས་པའི་རིལ་བུ་དེ།།
ཕྱི་མར་ངན་སོང་བསྐྱལ་བའི་རྫོང་བ་ཡིན།
མི་གཙང་སྙིགས་མའི་རྫིང་བུའི་འདམ་ཁྲོད་དུ།།
དྭངས་མའི་དྲི་ཞིམ་ངང་གིས་མི་གནས་བཞིན།།
འཁོར་བའི་ཉེས་བྱས་དུག་ལྔའི་ཀློང་རུམ་ན།།
ཐར་པའི་བདེ་བ་གཏན་ནས་མི་གནས་སོ།།
མུ་མེད་རྒྱ་མཚོར་ལྟུང་བའི་སྲིན་བུ་ལ།།
ཐར་པའི་རེ་བ་ཡིད་ལ་མེད་པ་ལྟར།།
ལོག་ལྟས་ཉེས་བྱས་སྐྱེ་བོ་གང་ཡིན་ཡང་།།
བསྐལ་པ་སྟོང་དུ་ཕྱིན་ཡང་ཐར་དུས་མེད།།
དགྲ་རྐུན་ཇག་པས་འཇིགས་པ་ཡོད་དྭོགས་ནས།
འཁོར་གསུམ་གོ་ཆའི་མཐུན་སྐྱེན་ལེགས་བསྒྲུབ་བཞིན།།
དུག་ལྔས་དབང་ཤོར་ཚད་མེད་ལས་བསགས་ན།།
གཉེན་པོ་སྟོབས་བཞིས་བཤགས་ཤིང་དགེ་ལ་འབད།།
དུག་ཆུས་བཀང་པའི་ཁྲོན་པ་བེད་སྤྱོད་ན།།
ཚེ་སྲོག་ཐར་དུ་མེད་པའི་འབྲས་འབྱུང་བཞིན།།
མ་དག་འཁོར་བའི་ལས་ལ་འབོག་བྱས་ན།།
འབྲས་བུ་ངན་སོང་སྡུག་བསྔལ་སྐྱི་རེ་འཇིགས།།
མེ་སྟག་ཆུང་ངུས་ཙན་དན་ནགས་ཚལ་ཡང་།།
སྐད་ཅིག་གཅིག་གིས་མེ་དཔུང་བྱེད་ནུས་བཞིན།།
ཁོང་ཁྲོ་དྲག་པོ་གཅིག་གིས་བསྐལ་པ་ལ།།
བསགས་པའི་བསོད་ནམས་ཆ་རྣམས་འཇིག་པར་བྱེད།
མེས་པོས་བཞག་པའི་ཞིང་ས་གཤིན་པོ་ལ།།
འབྲུ་དྲུག་གང་བཏབ་འབྲས་བུ་སོ་སོར་སྨིན།།
དེ་བཞིན་ཀུན་གཞི་ཁྱབ་བདལ་ཞིང་ས་ལ།།
གང་གསོག་འབྲས་བུ་བདེ་སྡུག་སོ་སོར་སྨིན།།
དྲི་མེད་གཙང་ཕྱིས་ཤེལ་དཀར་མེ་ལོང་ལ།།
གཡའ་དང་ས་རྡུལ་དྲི་མས་མ་གོས་བཞིན།།
སྨོན་འཇུག་སེམས་བསྐྱེད་རྒྱུད་རླན་སྐྱེས་བུ་ཡིས།།
གང་བྱས་རྒྱུ་འབྲས་རྩིས་གདབ་དགེ་བར་འགྱུར།།
དོན་ལྔ་པ་དད་པ་བསྟན་པ།
དཔྱིད་ཀའི་གཡུ་བྱ་ཁུ་ཕྱུག་སྔོན་མོ་ཡིས།།
དགུན་དཔྱིད་མ་ནོར་སོ་སོར་འབྱེད་ནུས་བཞིན།།
དད་པ་ལྡན་པའི་སྐྱེས་བུའི་ཤེས་རབ་ཀྱིས།།
དགེ་སྡིག་མ་འདྲེས་སོ་སོར་ལེགས་པར་འབྱེད།།
མ་ཕྱིར་བུ་སྙེགས་དགུན་གྱི་གཞུ་རྒྱུན་དང།།
ཆུ་བོའི་རྒྱུན་དང་སྲོག་ཆད་མི་བཞིན་དུ།།
མོས་དྭངས་ཡིད་ཆེས་མཐར་ཕྱིན་དད་ལྡན་ན།།
ངན་སོང་སྒོ་གཅོད་མཐོ་རིས་ཐར་ལམ་ཟིན།།
བདུན་པ་སྐྱབས་འགྲོ་བསྟན་པ།
ཁས་དམན་སྡེ་བར་སྟོབས་ལྡན་དགྲ་ཡོད་ན།།
ཐབས་ཤེས་ཡོད་དགུས་རྗེ་དཔོན་འཚོལ་བ་བཞིན།།
བདུད་བཞིས་འཇིགས་པའི་དཔུང་ལས་སྐྱབས་འདོད་ན།
ཡུལ་མཆོག་གནས་བཞི་ཚོགས་ལ་སྐྱབས་གནས་འཚོལ།།
འཇིག་རྟེན་དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར།།
ཚོང་ལས་ཁེ་དཔོག་སོ་ནམ་འབད་པ་བཞིན།།
འཁོར་བའི་སྡུག་བསྔལ་འདམ་ལས་གྲོལ་འདོད་ཚེ།།
སངས་རྒྱས་བོན་དང་གཤེན་རབ་བླ་མ་འཚོལ།།
རླུང་མཁྲིས་བད་ཀན་སུམ་རྒྱ་དྲུག་ཅུའི་ནད།
ཞི་བར་བྱེད་ལ་བདུད་རྩི་སྨན་འཚོལ་བཞིན།།
དུག་གསུམ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས།།
འཇིགས་པ་ཞི་ཕྱིར་སྐྱབས་འགྲོའི་གདམས་ངག་འཚོལ།།
བརྒྱད་པ་སེམས་བསྐྱེད་བསྟན་པ།
ནམ་མཁའི་ཐིག་ལེས་སྤྲོས་པའི་འོད་ཟེར་དེ།།
མུན་པའི་ཚོགས་རྣམས་སེལ་བའི་གཉེན་པོ་བཞིན།།
བརྡ་དང་བོན་ཉིད་ལས་ཐོབ་བྱང་ཆུབ་སེམས།།
ཁམས་གསུམ་ཉོན་མོངས་ཡོངས་ལ་སྙོམས་སུ་འགྲོ།།
ཟླ་བའི་གཟུགས་དང་རང་གི་བྱད་གཟུགས་གཉིས།།
ཆུ་བོ་ཀུན་ལ་ཁྱབ་མིན་ཁྱད་འབྱུང་བཞིན།།
དམན་པའི་སེམས་དང་ཐེག་ཆེན་སེམས་བསྐྱེད་ཀྱིས།།
དགེ་བ་གང་བྱས་འགྱུར་སྟོབས་ཁྱད་པར་ཆེ།།
འོག་གཞི་རྡུལ་ཕྲན་ལྗང་ནག་མ་འཇིག་བར།།
ཉི་ཟླ་གཟའ་སྐར་བགྲོད་པ་རྒྱུན་མི་ཆད།།
དེ་བཞིན་འགྲོ་བའི་སྡུག་བསྔལ་མ་རྫོགས་བར།།
བྱང་ཆུབ་སེམས་ཀྱི་བསླབ་པ་ཉམས་མེད་དོ།།
དགུ་པ་ཞི་གནས་བསྟན་པ།
ཟང་ཟིང་འཁོར་བའི་ལོངས་སྤྱོད་ཐམས་ཅད་ཀུན།།
འབད་དང་རྩོལ་བ་ལ་བརྟེན་གྲུབ་པ་བཞིན།།
སྔར་བྱོན་སངས་རྒྱས་སྟོང་གི་འབྲས་བུ་ཡང་།།
ཏིང་ངེ་འཛིན་གྱི་བསླབ་པ་དག་ལས་འཁྲུངས།།
ཅང་ཤེས་རྟ་མཆོག་གཡེང་ལ་འབབ་པ་དང་།།
བྱིས་པ་སློབ་གླིང་ཁྲིམས་དུ་འཛུད་པ་ལྟར།།
དཔྱོད་ལྡན་རྣམ་རིག་གློད་སྒྲིམ་ཆ་སྙོམས་ནས།།
ཐབས་ཤེས་ཟུང་འབྲེལ་མཁས་པའི་བྱ་བར་བརྩོན།།
དྲག་ཆར་དང་ནི་སྦྲང་ཆར་གང་འབབ་ཀྱང་།།
རྒྱ་མཚོ་མ་འཁྱོལ་སྔར་གནས་ཇི་བཞིན་དུ།།
བྱིང་དང་རྒོད་པའི་ཚོགས་རྣམས་རང་སར་ཞི།
ཞི་ལྷག་ཏིང་འཛིན་ཟུང་འབྲེལ་ཤེས་རབ་རྒྱས།།
དཔག་བསམ་ལྗོན་པ་རྩད་ནས་གཅོད་བྱས་ན།
ལྷ་དང་ལྷ་མིན་འཁྲུགས་རྩོད་རང་གྲོལ་བཞིན།།
འཁོར་བའི་རྩ་བ་མ་རིག་སྦྱངས་བྱས་ན།།
ཏིང་འཛིན་ཡེ་ཤེས་རིག་པ་གསལ་བར་འགྱུར།།
བཅུ་པ་ཤེས་རབ་བསྟན་པ།
རྫས་དང་སྔགས་ལས་གྲུབ་པའི་རྟ་གླང་དེ།།
སྒྱུ་མ་ཡིན་པར་ཤེས་ན་མི་བསླུ་བཞིན།
བདག་མེད་རྟོགས་པའི་ཤེས་རབ་འཁྲུངས་པ་ནས།།
ང་བདག་གཟུང་འཛིན་ཡུལ་ལ་འཇུག་མི་སྲིད།།
རྒན་གཞོན་དར་མ་ཡོངས་ཀྱི་སྒོ་གསུམ་ཡང་།།
སྐྱེས་ནས་འཇིག་པ་གཤིས་སུ་གྲུབ་པ་བཞིན།།
ཀུན་རྫོབ་བདེན་པར་གནས་པའི་ཤེས་བྱའི་བོན།།
བོན་ཉིད་ཁྱབ་པར་མཐོང་ན་དབྱེར་མེད་འགྲུབ།།
མཁྲིས་ནད་ཅན་གྱིས་གངས་དཀར་རི་བོ་ལ།།
མིག་ཟུང་ཅི་ཙམ་བགྲད་ཀྱང་སེར་མཐོང་བཞིན།།
བདེན་པའི་གནས་ལུགས་མ་ཤེས་ཐ་མལ་བའི།།
འདི་ཕྱི་སྒྱུ་མའི་བོན་ལ་བདེན་པར་འཁྲུལ།།
དྭངས་གཙང་ཆུ་ཕྲན་བརྒྱ་ཕྲག་དུ་མ་ལས།།
ཟླ་གཟུགས་དངོས་སུ་འཁྲུངས་པ་མ་ཡིན་བཞིན།།
ཕལ་བའི་འདི་ལྟར་སྣང་བ་ཐམས་ཅད་ཀྱང་།།
སྣང་བཞིན་བདེན་པའི་གཤིས་སུ་གནས་མ་ཡིན།།
གཡའ་དག་མེ་ལོང་དང་ནི་བྱད་གཟུགས་གཉིས།།
ངོ་བོ་སོ་སོར་མེད་ཀྱང་ཐ་དད་བཞིན།།
སྣང་བ་བོན་ཅན་བོན་ཉིད་དབྱེར་མེད་ལ།།
གཅིག་ཏུ་མི་གནས་རང་ལྡོག་ཐ་དད་གསུངས།།
ཧ་ཅང་འཇིག་རྟེན་དཔལ་འབྱོར་དབུལ་ལ་ལྟོས།།
ཞང་ཕྱུག་ནོར་བདག་ལས་སོགས་ཁྱད་འབྱེད་བཞིན།།
འཁོར་བའི་སྡུག་བསྔལ་མུ་མཐའ་མེད་ལ་ལྟོས།།
ཐར་བ་མྱང་འདས་བདེ་བ་ཆེན་པོ་འཇོག།
གྱད་ཆེན་གཞུ་རྒྱང་མདའ་འཕངས་ལས་གཟེར་ན།།
དབེན་པའི་འབེན་དག་ཐོལ་གྱིས་གཏོར་བ་བཞིན།།
བོན་ཉིད་བདེན་པའི་གཤིས་མཐོང་སྐྱེས་བུ་གང་།།
འཁོར་བའི་བཙོན་ར་གཏོར་ནས་ས་བཅུ་བགྲོད།།
ལོ་ལེགས་འབྲུ་དྲུག་ས་ལས་འཁྲུངས་ན་ཡང་།།
ས་རྡུལ་འབག་གཙོག་དྲི་མས་མ་གོས་བཞིན།།
འདིར་སྣང་སྒྱུ་མར་གཟིགས་པའི་རྣལ་འབྱོར་ལ།།
འཁོར་བའི་གཟུང་འཛིན་མ་གོས་ཁྱད་པར་འཕགས།།
མཁས་པའི་བདེན་ཚིག་གཅིག་གིས་ཕ་རོལ་པའི།།
ཡིད་གཉིས་ངལ་བ་སྨྲ་བའི་འཕྲོ་བཅད་བཞིན།།
སོ་སྐྱེས་བསྐལ་པར་བསགས་པའི་བསོད་ནམས་ལས།།
ཤེས་རབ་ཆེར་ལྡན་དེ་ཡི་གདན་གཅིག་ཐོག།
རྩ་གསུམ་ལྷ་གནས་དཔག་བསམ་ལྗོན་པ་ལ།།
ལྷ་བུས་སྨོན་ལམ་བཏབ་པར་འབྲས་སྨིན་བཞིན།།
ཤེས་རབ་སྙིང་རྗེ་ཟུང་འབྲེལ་དགེ་སྤྱད་ན།།
རང་གཞན་དོན་གཉིས་འབྲས་བཟང་ངང་གིས་འགྲུབ།།
ལོག་རྟོག་དགག་པ།
ཨེ་མ་བོད་ཀྱི་བླ་མའི་ཆོས་པ་འགས།།
གཤེན་རབ་བསྟན་ལ་སྐྱོན་ཆ་འཚོལ་བ་དེ།
ཕ་དང་ཨ་ཁུ་མེས་པོ་རང་རང་གི།།
རུས་རྒྱུད་སྨོད་ལ་འབད་དང་ཀུན་ནས་མཚུངས།
དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་བྱ་བར་མཁས།།
རྒྱལ་བའི་བཀའ་དང་འཕགས་པའི་གདམས་ངག་ཐོབ།།
གཡོ་སྒྱུ་ཁྲིམ་གསུམ་རྫུན་གྱིས་འཁོར་ལོ་བསྐོར།།
གཤིས་བཟང་ལུགས་སྲོལ་ཡིན་ཞེས་སྒྲོགས་དང་མཚུངས།།
སྨོན་འཇུག་སེམས་མཆོག་འཁྲུངས་བའི་སྐྱེས་བུ་ཁོང་།།
བདག་དོན་ཁོ་ནར་གཉེར་བ་ག་ལ་སྲིད།།
དགུན་གྱི་གྲང་ངར་དབྱར་གྱི་ལོ་ཏོག་ལ།།
གནོད་སྨྲས་དག་དང་རྣམ་ཀུན་མི་མཚུངས་སམ།།
བདེན་ཞེན་ལྡོག་པའི་ཐེག་ཆེན་སྐྱེས་བུ་ལ།།
ངན་སོང་གནས་སུ་ལྟུང་བ་མི་སྲིད་ལ།།
གལ་སྲིད་ཡོད་ན་དབུལ་ཕོངས་སྡུག་བསྔལ་ཡང།
ཀླུ་རྒྱལ་གཙུག་ན་ལ་ཡང་ཅེས་མི་མཚུངས།།
ཡོན་ཏན་ཅན་ལ་ཕྲག་དོག་རང་ཕྱོགས་གཅེས།།
དེ་ནི་ཐར་བསྒྲུབ་ལམ་གྱི་མཆོག་ཏུ་བསྔགས།།
དེས་ན་ཚེ་སྲོག་འཚོ་བའི་སྨན་གྱི་ཕུད།
བཙན་དུག་ཧ་ལ་ཡིན་པར་འདོད་དང་མཚུངས།
གཡུང་དྲུང་བོན་ལ་སྨད་འཚོལ་གཤེད་བཏབ་ན།
བདེ་ཆེན་འབྲས་བུ་ཐོབ་པར་མི་རིགས་ཏེ།།
ཐག་ཁྲ་ཡིན་པར་ཤེས་པའི་སྐྱེས་བུ་གང་།།
ད་དུང་སྦྲུལ་དུ་འཁྲུལ་པ་མི་སྲིད་བཞིན།
ཡང་དག་དགེ་བསྒྲུབ་སྡིག་སྤོངས་བྱེད་ཐབས་སུ།།
གཉིས་མེད་གཉིས་འཛིན་གོང་དུ་འཕེལ་བ་འགལ།།
གཉེན་ཉེ་སྐྱོང་བའི་ཐབས་གནད་ཁྱད་པར་ཅན།།
དགྲ་ཟླ་མང་ན་བཟང་བར་བཤད་དང་མཚུངས།།
འབྲས་བུ་སྐུ་གསུམ་གོ་འཕང་ཐོབ་འདོད་ན།།
དུག་ལྔ་རྩོལ་བའི་སྤོང་བར་འདོད་དང་འགལ།།
དབུས་ལ་འགྲོ་བར་གོམ་པ་རིམ་སྤོས་དང་།།
མྱུར་བར་བཤད་པ་དག་དང་དབྱེར་མ་མཆིས།།
སངས་རྒྱས་བསྟན་འཛིན་དག་ལ་སྨད་བྱས་ན།།
འབྲས་བུ་ངན་པ་དབང་སྐྱོན་ངག་ལྐུགས་འབྱུང་།།
རྒྱལ་ཁྲིམས་འགལ་བའི་སྤྱོད་ངན་ལས་འབད་ན།།
མཐའ་མར་འབྲས་བུ་བཙོན་དུ་ཚུད་པ་བཞིན།།
གཞོན་ནུའི་བློ་རིག་གསལ་བའི་དུས་འདི་ན།།
རྒྱལ་གཤེན་བསྟན་ལ་འཇུག་པར་འགངས་སུ་ཆེས།།
སྟོན་གྱི་ལོ་ལེགས་སྙེ་མ་ཆེར་སྨིན་དུས།།
བཅོད་བསྡུད་གང་མྱུར་བྱེད་པ་ཅི་བཞིན་ནོ།།
སློབ་དཔོན་ལ་བསྟེན་གདམས་ངག་གསན་བསམ་ནས།།
བསྟན་པའི་དོན་ལ་འབད་པ་གནད་སྨིན་བྱོས།།
ཞིང་ས་གཤིན་ལ་ས་བོན་གང་བཏབ་ཀྱང་།།
སོ་ནམ་མཁས་ན་འབྲས་བུ་ལེགས་སྨིན་བཞིན།།
དགེ་བའི་གཤེས་གཉེན་དམ་པ་ལ་བསྟེན་ནས།།
གདམས་ངག་བདུད་རྩིའི་བཅུད་ལ་གཏན་དུ་རོལ།།
བསིལ་ལྡན་གངྒའིི་ཆུ་ལ་སྟོབས་ལྡན་གྱི།།
གླིང་ཆེན་འགྱིངས་བའི་རྐམ་གདུང་སེལ་བཞིན་འབད།།
རྒྱལ་བའི་བཀའ་ལ་ཐོས་བསམ་ལས་བསྒྲུབ་ན།།
སངས་རྒྱས་བསྟན་པར་སྒོར་འཇུག་བསླུ་བ་མེད།།
སོ་ནམ་མཁས་པའི་ཞིང་སར་ནས་བཏབ་ན།།
སྟོན་དུས་ལོ་ལེགས་འབྲས་བུ་སྨིན་ངེས་བཞིན།།
འགྲོ་བའི་ལུས་ནི་བླངས་བ་གྲངས་མེད་ཀྱང།
བསྟན་པ་རྣམ་གསུམ་འཛོམས་སར་ད་རེས་ཙམ།།
བདེ་བའི་ཆེད་དུ་ཚེ་གང་འབད་བྱས་ཀྱང་།།
སྐྱིད་པོར་གནས་པ་ཉིན་རེ་ཙམ་ཡང་དཀོན།།
འཁོར་བར་བློ་ལྡོག་ངེས་འབྱུང་མ་སྐྱེས་ན།།
ཡང་དག་དགེ་བའི་ལས་ཞིག་འོས་པ་མིན།།
སོས་ཀའི་དུས་དང་མ་འཕྲད་སོན་བཏབ་ན།།
སྟོན་དུས་འབྲས་ལེགས་བརྡུད་ཟེར་སྙིང་རྗེའི་ཡུལ།།
ཁྱིམ་པའི་ཁྲོད་ནས་དགེ་ལ་འབད་བྱས་དང་།།
དབེན་པའི་རི་ནས་བསྒྲུབ་པ་ཁྱད་པར་ཆེ།།
བྱ་རྒོད་རྒྱ་ལས་ཐར་པ་ཇི་བཞིན་དུ།།
ཕྱི་མིག་མེད་པར་སྤྱོད་པ་དེ་རེ་མཚར།།
སྔར་གཤེགས་རྗེས་བཟུང་རང་གཞན་དོན་གཉིས་བསྒྲུབ།།
འབྲས་བུ་སྐུ་གསུམ་གོ་འཕང་མངོན་དུ་བརྙེས།།
ཕ་ཤལ་བུས་འཛིན་བང་མཛོད་ནོར་ལས་སོགས།།
བཙའ་སྐྱོང་གཅེས་སྤྲས་ལོངས་སྤྱོད་འཛད་པ་མེད།།
མཐར་རྗེས་མཇུག་གི་དོན་བསྟན་པ།
འཛམ་གླིང་མཁས་པའི་གཙུག་རྒྱན་མཉམ་མེད་རྗེ།།
རྟག་གཟིགས་ཞང་བོད་ལོ་པཎ་མཁས་གྲུབ་སོགས།།
ལེགས་བཤད་ཤེས་རིག་གོང་བུ་གཅིག་དྲིལ་ཏེ།།
བློ་གྲོས་མིག་སྟེར་ལེགས་བཤད་ཆར་དུ་བསྩོལ།།
གཡས་རུའི་སྟོན་པ་བཅོ་བརྒྱད་སྨན་རི་བའི།།
མཁན་རབས་རིམ་བྱོན་ཁྱད་པར་བྱེས་འཁོད་པའི།།
མཁན་སློབ་ཡོངས་འཛིན་རྣམ་པའི་བཀའ་དྲིན་དེ།།
བསམ་ཚེ་བདག་ཡིད་རྩེ་གཅིག་གསོལ་བ་འདེབས།།
དྲུག་ཅུ་རྩ་བརྒྱད་ལེགས་བཤད་ལམ་རིམ་དེ།།
ཤེས་རིག་སློབ་གླིང་འཆད་ཁྲིད་ཐུན་བར་དུ།།
ལེགས་བཤད་བདུད་རྩིའི་ཐིགས་པ་བྲིས་མོད་ཀྱང་།།
སྡེབས་ཉེས་དོན་ལོག་ཡོད་སྲིད་བཟོད་པར་གསོལ།།
ལེགས་བཤད་བདུད་རྩིའི་ཐིགས་པ་འདི་བྲིས་མཐུས།།
དགེ་བ་གང་མཆིས་མ་གྱུར་འགྲོ་བ་རྣམས།།
འཇིག་རྟེན་་དགེ་བཤེས་ཀྱི་གྲལ་མཐའ་བ་ཚེ་དབང་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༠༤ ཚེས་ ༠༤ ཉིན་མཇུག་བསྡུས་པར་སྦྱར་བས་དགེའོ།། ཐ་ཚན་མུ་ཙུག་སྨར་རོ།། །།