གནའ་བོའི་རླུང་རྟ་ལས་འཕྲོས་པའི་དཔྱད་ཞིབ།
གླེང་གཞི།
གནའ་བོའི་རིག་གཞུང་ལས་གྱེས་པའི“ཀླུང་རྟ”འམ་“རླུང་རྟ”ཞེས་སུ་གྲགས་པ་ འདིའི་དངོས་ཡོད་ཕན་འབྲས་ཀྱིས་ཚ་རླབས་ནི་རྟག་གཟིགས་ཞང་བོད་སོགས་ནས་དར་ཁྱབ་ ཏུ་ཕྱིན་སྟེ། རིམ་བཞིན་དེང་དུས་ཤར་ཕྱོགས་རྒྱལ་ཁབ་གང་སར་དར་བས་མ་ཟད། དེང་དུས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུའང་དར་ཁྱབ་ཆེས་ཆེར་འགྲོ་དང་འགྲོ་བཞིན་ པ་མིག་མཐོང་ལག་ཟིན་ལྟ་བུའི་གནས་སུ་གྱུར་ཡོད། ཡང་ཅིག་བཤད་ན་དེང་སང་གི་དུས་འདིར་ཆོས་ཅེས་པ་འདི་དུག་ལྟར་བརྩི་མཁན་ཀྱང་གང་ མང་འབྱུང་བཞིན་མོད། འོན་ཀྱང་ཐབས་ཟད་དུས། ལྷ་ཁང་ཆེ་ཆུང་མི་ཉུང་བ་ལ་ཕྱིན་ཏེ་མཆོད་འབུལ་སྨོན་ལམ་འདེབས་པ་དང་། ས་ གཙང་གནས་མཐོ་སར་རང་རང་གི་བསོད་ནམས་དབང་ཐང་རླུང་རྟ་དར་བའི་ཆེད་དུ་རླུང་རྟའི་ ཇོ་དར་དང་དེ་བཞིན་པར་རིས་ཤོག་བུ་དང་དར་སོགས་ལ་དཔར་ནས་གཏོར་ཞིང་ལྷ་འབོད་ཀླུ་ འབོད་བྱེད་པའི་ཐབས་ལམ་འདི་ལ་རེ་ལྟོས་བྱེད་པའི་ཡ་མཚན་ཅན་ཡང་དངོས་སུ་འབྱུང་བ་ མང་། དེ་རིགས་ཀྱིས་“རླུང་རྟ”འདི་ལ་དཔྱད་ཞིབ་ལམ་ནས་གོ་རྟོགས་མེད་རུང་འཕྲུལ་གྱིས་ གདུང་བ་སེལ་བའི་ཐབས་ཅིག་ཡིན་པ་དམིགས་འབེན་དུ་བཟུང་ཡོད་པ་ནི་ཐེ་མི་ཚོམ། རིག་པས་ཀྱང་ཕུང་ཁམས་བདེ་མིན་ནི་འབྱུང་ལྔའི་ཁམས་ལ་རག་ལས་པ་ཡིན་ལ་རྨོངས་དད་ ཙམ་མ་ཡིན་པར་རིག་པས་དཔྱད་གལ་ཆེ། སྤྱིར་“ཀླུང་རྟ་”འམ་“རླུང་རྟ་”འདི་ལ་མཁས་དབང་མང་པོས་བཞེད་སྲོལ་མི་འདྲ་བ་ ཆེས་མང་ན་ཡང་། འདི་ནས་ཁོ་བོས་“རླུང་རྟའི་བྱུང་རབས་དང་རླུང་རྟའི་ངོ་བོ། རླུང་རྟ་མཚོན་བྱེད་”བཅས་ལ་ཕྲན་བུ་དཔྱད་ཞིབ་ཀྱི་ལམ་དུ་འཇུག་པར་འདོད། །
དང་པོ་རླུང་རྟའི་བྱུང་རབས་ལ་དཔྱད་པ།
དེ་ཡང་“རླུང་རྟ་”འདི་ནི་ཐུན་མོང་མ་ཡིན་པའི་ཞང་བོད་རིག་གནས་ཀྱི་འབྱུང་ གནས་གནའ་རབས་བོན་གྱི་ཆོས་དང་རིག་གཞུང་ཕལ་མོ་ཆེའི་སྲོལ་འབྱེད་རྣམ་འདྲེན་ སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཀྱིས་འགྲོ་བ་གང་དང་གང་གིས་འདི་ལ་འབད་ན། ཕན་བདེའི་འབྲས་བུ་དང་བསོད་ནམས་ཀྱི་དཔལ་བསྐྱེད་པའི་ཐབས་གནད་ཁྱད་པར་ཅན་ཏུ་ དགོངས་ཏེ་སྲོལ་བཟང་གཏོད་པ་ཞིག་ཡིན་ཅིང་དེས་ན་བྱུང་བའི་ཁུངས་ཀྱང་བོན་དང་ འབྲེལ་ཞིང་བོན་སྟོན་གཤེན་རབ་མི་བོ་ཡིན་ཞེས་ཚིག་ཐག་ཆོད་དུ་རུང་། ༡„ “ཀླུང་རྟ་དར་བར་གྱུར་ཅིག ཁ་རྗེ་མཐོ་བར་གྱུར་ཅིག བཀའ་དབང་བཙན་པར་གྱུར་ཅིག མངའ་ཐང་ཆེ་བར་གྱུར་ཅིག མི་ཚེ་རིང་བར་གྱུར་ཅིག ཕྱུགས་གཡང་འཕེལ་བར་གྱུར་ཅིག དར་རྒྱས་འབྱུང་བར་གྱུར་ཅིག ཅི་བསམ་འཚོགས་པར་གྱུར་ཅིག ཅི་སྨྲས་བརྩོན་པར་གྱུར་ཅིག ཅི་སྨོན་འགྲུབ་པར་གྱུར་ཅིག”ཞེས་གཤེན་རབ་མི་བོས་གསུངས་པའི་ཟུར་དུ་“ཀླུང་རྟ” འམ་“རླུང་རྟ་”ཞེས་པའི་ཐ་སྙད་ཅིག་པུ་དེས་ཀྱང་འགོ་ཁུངས་ཞང་བོད་ནས་འཚོལ་རྙེད་ ཐུབ་པར་བསྟན་ཡོད། གཞན་ཡང་༢„ “གཤེན་རབ་མི་བོའི་སྐུ་ཡི་དུས་སུ་དར་བ་ཡིན་ཏེ།” ཞེས་མདོ་ནས་ལུང་འདྲེན་པ་དང་། བོན་ལུགས་འཛིན་པའི་མཁས་པ་གང་མང་གིས་གོང་མཚུངས་ལྟར་བདེན་པའི་ཟུར་རེ་དྲུད་དེ་ རླུང་རྟའི་ཕྱོགས་རེ་བཤད་ཚུལ་ཡང་མང་། །
ཡང་ལོས་རྒྱུས་སྨར་བ་རེ་འགས་སྟོན་པ་ཤཀྱ་ཐུབ་པའི་དུས་སུ་བྱུང་རབས་དང་། རྒྱ་ནག་ཡུལ་ནས་“ལུང་མཱ་”ཞེས་པའི་ཐ་སྙད་ནང་འདྲེན་བྱས་པ་ཞིག་ཡིན་པར་ཀྱང་བཤད་ ཡོད་པ་དང་། བོད་དུ་རྩིས་གསར་དབུ་འཛུགས་པ་ནས་དར་ཞེས་བཤད་ཡམས་དུ་མ་ཞིག་སྣང་ཡང་། ཁོ་བོས་རྒྱུ་མཚན་དང་བདེན་ཁུངས་ཞིག་མ་མཐོང་ཡང་བློ་གསལ་རྣམས་ཀྱིས་དཔྱད་པར་ མཛོད། །
གཉིས་པ་རླུང་རྟའི་ངོ་བོར་དཔྱད་པ།
“རླུང་རྟ”ཞེས་པའི་ཚིག་འབྲུ་འདིའི་འཇུག་གཞིའི་ངོ་བོ་ཇི་ལྟར་ཡིན་པ་མ་ཤེས་ རུང་རླུང་རྟའི་སྐོར་དཔྱད་རྩོམ་ཆེས་མང་བར་མ་ཟད་རྒྱུ་འབྲས་གོ་ལྡོག་ཏེ་འགྲེལ་ བསྐྱོན་པའང་། ༣„ དེང་འདིར་ཡོངས་སུ་གྲགས་པའི་མཁས་པའི་བྱང་བུ་ཅན་གྱི་ཁོངས་ནས་ཀྱང་རེ་འགས། རིག་པའི་དཔྱད་ཞིབ་མེད་པར་མཁས་པའི་རློམ་བྲིས་དང་འོལ་ཚོད་ཀྱིས་བྲིས་པ་རིགས་ གང་ཡིན་ཡང་གང་ལྟར་འཆུག་པ་ཞིག་ཏུ་བརྩི་རུང་ལ། འཇིག་རྟེན་འདིར་གཏམ་དཔེ་ཞིག་ལ། “མཁས་པས་འཆུག་ན་འདོམ་གང་། བློན་པོས་འཆུག་ན་མཐོ་གང་།”ཞེས་པ་ལྟར་གནད་དུ་བབས་པས། ལྷག་ཏུ་དྲན་དབང་རྣམ་པའི་མ་འོངས་འོལ་ཚོད་ཙམ་མ་ཡིན་པར་ཐུགས་གཟབ་གནང་གལ་ཆེ། །
༤„ “ལུས་ཀྱི་གནད་བསྡམ་རླུང་གི་རྟ་བཟུང་།”ཞེས་བོན་ལུགས་ཀྱི་རྩ་རླུང་ཐིག་ལེ་དང་ སེམས་བཅས་ལ་འབྲེལ་བ་ཆེས་ཟབ་པ་སྨྲོས་མེད་ཅིག་ཡིན་པར་སྙམ་ཡང་། དེ་སྔོན་འདི་འབྲེལ་དཔྱད་བྲིས་ཅིག་ཁོ་བོའི་མཇལ་སྐལ་དུ་མ་གྱུར་ཅིང་། རླུང་རྟའི་གོ་བ་དངོས་ནི་སྲོག་ལྡན་འགྲོ་བའི་ནང་གི་རྩ་ལམ་དུ་རྒྱུ་བའི་དབུགས་ སམ་རླུང་ལ་གོ་དགོས་པར་སེམས་ཏེ། ༥„ “རླུང་གི་རྟ་ལ་ཡིད་ཀྱི་མི་ཞོན་ནས།”ཅེས་རླུང་རྟ་དང་ཡིད་མིའི་གཟུགས་སུ་བཀོད་ ཡོད། གང་ལྟར་རླུང་རྟ་ནི་ཡིད་ཀྱི་རྟེན་གཞི་བྱས་པའི་བདེ་རླུང་རྩ་ལམ་དུ་བརྒྱུད་དུས་ སུ་རྩ་ལམ་སྒོ་འབྱེད་པ་ལས་ལུས་བདེ་ཞིང་སེམས་རིག་གསལ་ཞིང་སྤྲོ་བ་འཕེལ་བ་ལས་ ཅི་བྱས་ལམ་དུ་འགྲོ་བའི་དུས་སུ་གང་ཟག་དེའི་རླུང་རྟ་འཕེལ་བའམ་རླུང་རྟ་དར་ཞེས་ བཤད་པ་ཡིན་ལ། བོན་གཞུང་དག་ནས་ནང་གི་རླུང་རང་ལ་རླུང་རྟ་ཞེས་ཐ་སྙད་སྦྱོར་བ་མི་ཉུང་བས་ལེགས་ པར་བརྟགས་ན་དཔྱད་གཞི་གསར་པ་ཞིག་མིན་པར་“རླུང་རྟ་”ཞེས་པའི་རླུང་ནི་ནང་གི་ རླུང་རང་ལ་གོ་ཞིང་“རྟ་”ཞེས་པའི་ཐ་སྙད་ཀྱང་རླུང་རང་ལ་བཏགས་པ་ཡིན་ལ་འདོགས་ པའི་རྒྱུ་མཚན་ནི་ཡིད་སེམས་ཞེན་པའི་རྟེན་གཞི་བྱས་པའི་ཕྱིར་ན་རྟ་ཞེས་འདོགས་ རུང་པ་ཡིན། སྤྱིར་རྟ་ནི་ཆེས་བགྲོད་པ་མྱུར་བ་ཞིག་ཡིན་ལ་རླུང་ཡང་རྒྱུ་མཚན་དེ་དང་མཚུངས་ བའི་ཆ་ནས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་ཡིན། ཡང་ཅིག་བཤད་ན་ ༦„“དེ་ལ་རླུང་གི་རྟ་བཟུང་བར་བྱ་སྟེ། རླུང་གི་རྟ་བཟུང་བས་ཡིད་ཀྱི་མི་ཟིན། དེ་ཟིན་པས་མ་ཀུན་གཞི་ངོ་བོ་གསལ་ལོ། སྒྲོན་མེའི་སྒོ་རང་སར་བཞག”ཅེས་པས། རླུང་རྟ་དང་ཡིད་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ཡང་བསྟན་ཡོད་ལ། རླུང་རྟ་ནི་ནང་སེམས་ཀྱི་བདེ་སྡུག་དང་འབྲེལ་བ་ཤིན་ཏུ་ཆེ་སྟེ། གང་ཟག་ཅིག་གི་བདེ་སྐྱིད་ཀྱི་དཔལ་ཡོན་ནི་ནང་གི་དབུགས་སམ་རླུང་རྟ་ལ་རག་ལས་པ་ ཡིན། ཁོ་བོའི་འདོད་ཚུལ་འདི་ལྟར་འགོད་པར་རེ་འགའ་ཞིག་གི་ངོར་ཙི་ཁུང་དུ་གླང་ཆེན་མི་ འགྲོ་པ་ཤེས་མོད་ཀྱང་། འགའ་ཞིག་རྨོངས་གཉིད་སངས་ཏེ་“རླུང་རྟའི་”ངོ་གདོང་རྣལ་མ་དེའང་མཐོང་སྲིད་ལ་ འདུ་ཤེས་དང་དོགས་སློང་དཔྱད་གཞི་གསར་པ་རེ་རྙེད་མི་སྲིད་པ་མིན་ནམ་སྙམ།
གཞན་ཡང་ལོ་རྒྱུས་སྨྲར་བ་མཁས་དབང་དུ་མས་འདི་ལྟར་བཞེད་དེ། རླུང་ནི་༧„ “ལུང་༼龙吗༽ཞེས་པའི་ཚབ་མཚོན་ཡིན་ཞེས་དང་། ལུང་ནི་འབྲུག་དང་རླུང་རྟ་ཞེས་པ་ནི་“ལུང་མཱ”༼龙吗༽ཞེས་པའི་དོན་ནོ་ཞེས་གསུངས་ ཡོད་པ་རེད”ཅེས་དང། རླུང་ནི་འབྲུག་ལ་གོ་དགོས་ཅེས་བཤད་ཚུལ་འདིས„ སྒྲ་ཆེས་ཆེར་མཐུན་པ་རྒྱུ་མཚན་དུ་བྱས་འགོ་ཁུངས་རྒྱ་ནག་ཡིན་པར་རྒྱ་ནག་ གི་“ལུང་མཱ”ཡི་གོ་བ་ཡིན་པར་བསྟན་ཡོད། ༨„སེ་ནེལ་གོ་རུབ་ཀྱིས་“རླུང་རྟའི་རླུང་ནི་བདེ་སྐྱིད་ལ་གོ་དགོས་”ཅེས་དང་། ༩„“ཁོ་བོའི་འདོད་ཚུལ་ལྟར་ན། ཀླུང་རྟ་ཞེས་པའི་ལྟ་ཚུལ་དེ་ནི། ‘ལུང་མཱ’ཞེས་པའི་རྒྱ་སྐད་ཀྱི་ཐ་སྙད་དེ་ཡིག་ཐོག་ནང་འདྲེན་བྱས་པ་ཞིག་ཡིན་པར་ སེམས།”ཅེས་དོགས་གཞི་རུ་བཞག་ཡོད། ༡༠„ “ཀླུང་རྟ་ཞེས་པའི་ཚིག་དེ་ལས། ཀླུང་ནི་ནམ་རྒྱུན་དུ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བའི་ཁམས་ལྔ་རུ་ བརྩི་བའི་ཚེ། འབྱུང་བ་ནམ་མཁའི་ཁམས་མཚོན་པ་ཡིན་སྟེ། ཡོངས་ལ་ཁྱབ་པའམ། ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན།”ཞེས་གསུངས་ཡོད་ལ། “རྟ་ཞེས་པ་ནི་ཅང་ཤེས་རྟ་ལ་དཔེར་མཚོན་པ་སྟེ། གནའ་དུས་སུ་རྟ་ནི་བགྲོད་པ་མྱུར་བའི་དཔེ་ཞིག་ཡིན་སྟབས། རྟ་ཡིས་ནི་ལམ་དུ་བགྲོད་པ་དང་། བགྲོད་པའི་ཚུལ་ཡང་མྱུར་བ་ཉིད་དུ་བགྲོད་པའི་དོན་བསྟན་པ་ཡིན།”ཞེས་མཚོན་བྱེད་ ཀྱི་ཐད་ནས་འགྲེལ་བསྐྱོན་ཡོད། ༡༡„དགེ་རྒན་ཆེན་མོ་སེ་ཏན་གྱིས་“རླུང་ཞེས་པའི་དོན་ནི་དབུགས་ལ་གོ་དགོས།”ཞེས་ གསུངས་ཡོད་ལ། ༡༢„“༡༽ཁམས་དང་ལམ་འགྲོ” ཞེས་དང་༢༽“ཁང་པ་སོགས་ཀྱི་སྟེང་དུ་བཙུགས་པའི་དར་ལྕོག”བཅས་ལ་གོ་བ་བོད་རྒྱ་ ཚིག་མཛོད་ཆེན་མོ་ལས་བསྟན། ཡང་ཅིག་བཤད་ན་འཇིག་རྟེན་གྱི་ཕྱི་སྣོད་འདི་ཡང་རླུང་ལ་རྟེན་ནས་བསྐྱེད་འཕེལ་ བྱུང་བ་ཞིག་ཏུ་ངོས་འཛིན་ཞུ་དགོས་པ་ཡིན་ལ། ནང་བཅུད་སེམས་ཅན་གྱི་བདེ་སྐྱིད་དང་བསོད་ནམས་དར་རྒུད་ཀྱང་རླུང་རྟ་དར་རྒུད་ལ་ རག་ལས་པ་ཡིན་ཞེས་བཤད་དུ་རུང་། །
གསུམ་པ་རླུང་རྟའི་མཚོན་བྱེད་ལས་འཕྲོས་ཏེ་དཔྱད་ཞིབ་ཁག་ཅིག
དང་པོར་རླུང་རྟ་མཚོན་བྱེད་དངོས་ནི་ཅང་ཤེས་ཀྱི་རྟ་མཆོག་སྟེ་རྟ་ནི་སྐྱེས་ བུ་ཡུལ་གང་ཞིག་བགྲོད་པར་རུང་ལམ་དུ་བགྲོད་པ་མྱུར་ཞིང་གང་འདོད་ཡུལ་དེར་ཉེ་བར་ བགྲོད་ཅིང་འདོད་དོན་འགྲུབ་པས་སྐྱེས་བུར་དགའ་བ་སྟེར་གྱིན་ཡོད། གནའ་དུས་སུ་དེང་རབས་ཀྱི་“འཕྲུལ་རྟ་”མེད་ཀྱང་ཡར་མར་བགྲོད་དུས་རྟ་མཆོག་ཅིག་ ཡོད་ཚེ་འདོད་བློ་ཡོངས་སུ་ཁོངས་བཞིན་ཡོད་ལ། ཅང་ཤེས་ཀྱི་རྟ་མཆོག་ནི་ཆེས་བགྲོད་པ་མྱུར་བའི་སྟོབས་ཀྱིས་རླུང་ངམ་“རླུང་ རྟ་”མཚོན་བྱེད་དུ་བཀོད་པ་ཡིན། གཞན་ཡང་༡༣„“རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ་ སོགས་སྐྱེས་བུའི་རེ་འདོད་ཡོངས་སུ་བསྐོང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ དང་འདྲ་བས་རྟ་མཆོག་ནོར་བུའི་རྒྱན་ལྡན་བཀོད་སྲོལ་བྱུང་བ་འདི་ནི་ཀླུང་རྟའི་ གོ་དོན་ཡང་དག་པ་ཡིན།”ཞེས་དང་། ༡༤„ “ཅང་ཤེས་རྟ་ཕོ་སྤྲིན་གྱི་ཤུགས་ཅན་བྱ་བ་ཡོད། དེ་བང་རླུང་བས་མགྱོགས། རིག་པ་མི་བས་ཆེ། ཁ་ལོ་རང་གིས་བསྒྱུར།”བ་སོགས་ལུང་མང་སྟེ། ༡༥„ “ལྗོན་པ་ས་ལེ་རྒྱས་པའི་གླིང་ཚལ་ན། ཅང་ཤེས་འཕྲུལ་གྱི་བང་མགྱོགས་ཡིད་རྩལ་ཅན། སྔོ་སངས་ནོར་བུའི་རྒྱན་དང་དར་གྱིས་མཛེས།”ཅེས་གསུངས་སོ། །
ཕྱོགས་ཀྱི་མཚམས་སུ་ཁྱུང་འབྲུག་དང་གཡག་སྟག་བཞིའི་པར་རིས་བཀོད་པ་འདི་ ཕྱོགས་བཞིའི་གདོན་བགགས་བར་ཆོད་དང་མི་མཐུན་པའི་འབྱུང་བའི་འཇིག་རྐྱེན་གྱིས་ མི་ཚུགས་ཤིང་དེ་དག་ཀུན་བཟློག་པའི་ཐབས་སུ་རླུང་རྟའི་ལྷ་བཞི་འམ་གྱད་ཆེན་ བཞིའི་མཚོན་བྱེད་དུ་བཀོད་པ་ཡིན། དེ་ཡང་ནང་གསང་སྔགས་ཡི་དམ་ལྷའི་འཁོར་དང་ཕྱོགས་ཀྱི་སྒོ་སྲུང་གྱད་ཆེན་བཞི་དང་ མཐུན་པར། དམངས་ནས་ཀྱང་འདི་དག་ནི་རླུང་རྟའི་ལྷ་བཞི་སྟེ་ཕྱོགས་སུ་བསྐྱོད་སྐབས་མཚན་ མོར་“ཁྱུང་འབྲུག་གཡག་སྟག་”འཆང་བ་ལས་སོགས་རྨིས་པ་ནི་རང་གི་དགྲ་ལྷ་བཙུན་ཞིང་ ཁ་རྗེ་དབང་ཐང་དང་འབྱུང་ལྔ་བདེ་ལ་རླུང་རྟ་དར་བའི་རྟགས་ཏེ་ལས་ལམ་ཏུ་འགྲོ་ཞེས་ བཤད་སྲོལ་ཡོད། འདིས་འབྱུང་ལྔ་མཚོན་བྱེད་ཀྱང་ཡིན་པར་གྲགས་པས། ནམ་མཁའ་མཚོན་པའི་རྟགས་སུ་ཁྱུང་དང་། ས་མཚོན་པའི་རྟགས་སུ་གཡག ཆུ་མཚོན་པའི་རྟགས་སུ་འབྲུག མེ་མཚོན་པའི་རྟགས་སུ་སྟག རླུང་མཚོན་པའི་རྟགས་སུ་རྟ་མཆོག་ཡིན། ས་མཚོན་པའི་རྟགས་སུ་སེང་གེ་བཀོད་སྲོལ་དར་ཡོད་ལ། བཤད་སྲོལ་ལ་མི་འཇིགས་པའི་བརྡ་ལ་སྡེར་བཞིའི་གཟུགས་སུ་བཀོད་པ་རེད་ཅེས་ཡོངས་ གྲགས་འདྲ་བོ་གྱུར་ཡོད་ཀྱང་ལོ་རྒྱུས་ལ་དཔྱད་ཞིབ་བྱས་ན་ས་མཚོན་པའི་རྟགས་སུ་ གཡག་འགོད་དགོས་པ་ཡིན། །
གཞན་ཡང་༡༦„ “འགའ་ཞིག་གིས་སྡེར་བཞིའི་གཟུགས་སུ་བཀོད་པ་ནི་མི་འཇིགས་པ་སྟེ་རྣམ་པར་རྒྱལ་ བའི་མཚོན་དོན་དུ་བཤད་སྲོལ་ཡོད་འདུག་པ་དེའང་དོན་དང་ལྡན་མོད།”ཅེས་དང་། “དངོས་དོན་ནི་འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ།”ཞེས་ཀྱང་བཀོད་འདུག་ལ། ༡༧„“དུས་རབས་བཅུ་གསུམ་པའི་གཡས་གཡོན་དུ་བརྩམས་པར་གྲགས་པའི་དཔེ་ཆ་(དབུ་ནག་ མིའུ་འདྲ་ཆགས)ནང་རླུང་རྟའི་རི་མོ་ཁྲོད་ན་སེང་གེ་མ་ཡིན་པར་གཡག་ཉིད་བྲིས་ཡོད་ ལ། འཇང་རིགས་ཀྱི་རི་མོའི་ནང་དུའང་གཡག་འབྲི་སྲོལ་ཡོད། དེར་བརྟེན།་འདས་པའི་དུས་གང་ཞིག་གི་ཚེ་སེང་གེ་གཡག་གི་ཚབ་བྱས་ཡོད་པ་གསལ་ རྟོགས་ཐུབ་ལ། རླུང་རྟའི་རི་མོའི་ཐད་ལའང་དེ་ལྟར་འགྱུར་ལྡོག་ཕྱིན་ཡོད་པ་ཤེས་ཐུབ།”ཅེས་ གསུངས་ཡོད། སྲོག་ཆགས་དེ་བཞི་ནི་མི་བདུད་གཉེན་གསུམ་གྱི་གཏམ་རྒྱུ་དང་འབྲེལ་བ་ཞིག་ཡོད་པར་ སེམས་ལ། ༡༨„“སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག གཡག་དང་སྟག་བཅས་ཡིན་ལ། དེ་རྣམས་ནི་དགྲ་ལྷར་ངོས་འཛིན་བྱེད་པ་ཡིན། སྲོག་ཆགས་དེ་དག་ནི་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པ་མ་ཟད། ལྡོང་དང་། དབྲ། འགྲུ སྒ་བཅས་ཀྱི་དགྲ་ལྷར་བརྩི་ཞིང་། དེ་རྣམས་ལ་གཉེན་ཆེན་སྡེ་བཞི་དང་། རླུང་ལྟའི་ལྷ་བཞི་ཞེས་སུ་འབོད་སྲོལ་ཡོད།”ཞེས་སོགས་མཁས་དབང་རྣམ་པས་བཞེད་ དགོངས་མི་འདྲ་བ་དུ་མ་ཞིག་ཡོད་པའང་མཐོང་ཐོས་སུ་གྱུར་ན་བཟང་མོད་ཀྱང་དཔྱད་ཞིབ་ བྱེད་པ་ནི་དེ་བས་ཀྱང་གལ་འགངས་ཆེའོ། །
གཉིས་པ་དར་རས་ཀྱི་ཁ་དོག་ལ་དཔྱད་པ།
དེ་ཡང་རླུང་རྟའི་དཔར་ཤོག་དང་དར་རས་ལས་སོགས་ ཀྱི་ཁ་དོག་ནི་བཤད་སྲོལ་དུ་མ་ཞིག་ཡོད་པར་སྣང་ཡང་གཙོ་ཆེར་སྐྱེ་བོ་རང་ཉིད་ཀྱི་ རླུང་རྟའི་ཁམས་དང་། རང་ཉིད་སྐྱེ་བའི་ཁམས་དང་། བླ་གཟའ་གང་རུང་གི་ཁམས་མཐུན་གྱི་ཁ་དོག་ལྡན་པའི་ཤོག་བུ་དང་དར་རས་ངོས་སུ་དཔར་ རིས་བཀོད་པ་ནི་ཆེས་སྔ་མོ་ནས་ཞང་བོད་ཀྱི་དམངས་སྲོལ་དུ་དར་ཡོད་ལ། ཡང་ཅིག་བཤད་ན་གང་ཟག་རང་རང་གི་རླུང་རྟའི་ཁམས་མཐུན་གྱི་ཁ་དོག་ནི་སྟག་རྟ་ཁྱི་ གསུམ་གང་རུང་གི་ལོ་པའི་ཁ་དོག་དཀར་པོ་ཅན་ལ་དཔར་འཛུགས་དང་། བྱི་འབྲུག་སྤྲེལ་གསུམ་གང་རུང་གི་ལོ་པའི་ཁ་དོག་ལྗོང་ཁུ་ཅན་ལ་དཔར་འཛུགས་དང་། བྱ་གླང་སྦྲུལ་གསུམ་གང་རུང་གི་ལོ་པའི་ཁ་དོག་སྔོན་པོ་ཅན་ལ་དཔར་འཛུགས་དང་། ཕག་ལུག་ཡོས་གསུམ་གང་རུང་གི་ལོ་པའི་ཁ་དོག་དམར་པོ་ལྡན་པའི་དར་རས་དང་ཤོག་བུ་ སོགས་ལ་དཔར་རིས་བཀོད་དེ་འཛུགས་དགོས་པ་ཡིན། ༡༩„ “སྟག་རྟ་ཁྱི་གསུམ་སྤྲེལ་ཏེ་ལྕགས། བྱི་འབྲུག་སྤྲེལ་གསུམ་སྟག་སྟེ་ཤིང་། བྱ་གླང་སྦྲུལ་གསུམ་ཕག་སྟེ་ཆུ། ཕག་ལུག་ཡོས་གསུམ་སྦྲུལ་སྟེ་མེ།”ཞེས་རླུང་རྟའི་ཁམས་བསྟན་པས་རླུང་རྟའི་དཔར་ རིས་ཀྱི་ཁ་དོག་ནི་རང་རང་གི་རླུང་རྟའི་ཁམས་མཐུན་དུ་སྤྱད་དགོས་གལ་ཆེའོ། །
གསུམ་པ་འབྱུང་ལྔའི་ཁམས་དང་བསྟུན་པའི་གོ་རིམ་དཔྱད་པ།
འབྱུང་ལྔ་ནི་ཕྱི་ནང་གཉིས་ཏེ་ནང་གི་འབྱུང་ལྔ་ཁམས་ནི་༢༠„ “གཉིས་པ་ནང་བཅུད་སེམས་ལས་ཤར་ཚུལ་ནི། ནམ་མཁའ་འོད་དང་རིག་པ་འབྲེལ་བའི་རྩལ་ལས། དྲན་པའི་སེམས་དང་འགྱུ་བའི་རླུང་དུ་བྱུང་། རླུང་སེམས་འབྲེལ་བའི་དབུགས་རླུང་གི་ཁམས་བྱུང་། དེ་ལྟར་ལུས་སེམས་འབྲེལ་བས་དོན་སྙིང་རྣམ་པ་ལྔ་ཆགས་ནས་འབྱུང་བ་ལྔའི་རྟེན་ བྱེད་དོ།”ཞེས་འབྱུང་ལྔའི་ཁམས་དང་བཅས་པ་བསྟན་ཡོད་ལ་འདི་དག་རྒྱས་པར་དཀར་འཇམ་ རྩ་འི་སྒྲོན་མ་བཤད་པའི་སྐབས་སུ་བསྟན་ལ། རླུང་རྟའི་དཔར་རིས་སོགས་འབྱུང་ལྔའི་མཚོན་མདོག་དང་མཐུན་པར་གོ་རིམ་ལའང་མི་ མཐུན་དུ་མ་ཞིག་མཆིས་མོད་ཀྱང་། གཞུང་དང་མཐུན་པར་སྨྲ་བ་དང་ཡུལ་ལུགས་ལྟར་བཤད་སྲོལ་གཉིས་ལས། གཞུང་དང་མཐུན་པར་སྨྲ་བ་ཞེས་པ་ནི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང་འབྲེལ་བ་ཟབ་ པའི་དཔྱད་པར་བྱ་བ་ལ། ཕྱི་སྣོད་ནི་གདོད་མའི་དུས་སུ་མས་ནས་ཡས་ཆགས་པ་ཡིན་པའི་གོ་རིམ་ཡང་མས་ནས་ནམ་ མཁའ་དང་། རླུང་མེ་ཆུ་ས་ལྔ་ཡར་ཆགས་པ་ཅི་བཞིན་དུ་རླུང་རྟའི་དཔར་རིས་ལྡན་པའི་དར་རས་ སོགས་ཀྱི་ཁ་དོག་ཀྱང་མས་ནས་ཡར་ཆགས་པའི་ཚུལ་དུ་དཀར་པོ་ལྗང་ཁུ་སྔོན་པོ་དམར་པོ་ སར་པོ་སོགས་གོ་རིམ་བཞིན་འདོགས་དགོས་པ་ཡང་ལུང་རིག་དང་འབྲེལ་མེད་ཅིག་མ་ཡིན་ལ། ༢༡„“སེར་པོ་གསེར་མདོག་ས་ཡི་དར། ལྗང་ཁུ་འཕེན་དར་རླུང་གི་དར། དམར་པོ་ལེབ་རྒན་མེ་ཡི་དར། སྔོན་པོ་གཡུ་མདོག་ཆུ་ཡི་དར། དཀར་པོ་སེར་མདོག་ནམ་མཁའི་དར།”ཞེས་རྒྱལ་བའི་བཀའ་ལུང་ཚད་མ་དང་ཡང་འབྲེལ་བར་ སེམས། ཡང་ཅིག་བཤད་ན་ཆོས་འཇིག་རྟེན་གཉིས་ཀའི་རྟེན་འབྱུང་ལ་རགས་ལས་པ་ཞིག་ཡིན་མོད། རིག་པས་དཔྱད་ཀྱང་ཆགས་པ་ནི་མས་ནས་རིམ་གྱིས་ཡར་ཆགས་པ་ཡིན་སྟབས་གང་ཟག་ཅིག་གི་ འབྱུང་ལྔ་དར་བའི་ཆེད་དུ་རླུང་རྟ་ཡང་གོ་རིམ་ལྡན་པའི་མས་ནས་རིམ་གྱིས་དར་རྒྱས་ ཀྱི་ཚུལ་དུ་སྤེལ་འདོགས་བྱེད་པ་ནི་ཆེས་འོས་འཚམས་ཤིག་ཏུ་རིག །
ཡུལ་ལུགས་དང་བསྟུན་ཏེ་འབྱུང་ལྔ་ཡི་གོ་རིམ་སྒྲིགས་སྟངས་ནི། ནམ་མཁའ་སྔོན་པོ་དང་། སྤྲིན་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་སྟེ་བཤད་སྲོལ་དེ་མཐུན་སྟེང་ནས་མར་རིམ་བཞིན་དུ་“རླུང་རྟ”ཡི་ཁ་དོག་ བཀོད་ཚུལ་དང་། གཞན་དུ་ཡང་དར་འཛུགས་འདྲ་མིན་སྣང་ཡང་འདི་ལྟར་“རླུང་རྟ་”ཡི་གཟུངས་སྔགས་དང་ མཚོན་བྱེད་ཀྱི་དཔར་རིས་སྤེལ་འདོགས་ནི་དར་རྒྱས་ཀྱི་གོ་རིམ་སྟེ། མས་ནས་ཡར་དར་བའི་རྟེན་འབྲེལ་ཞིག་དང་འབྲེལ་འགོ་ཁུངས་ཟབ་ལ་ཕུ་ཐག་རིང་བས་གོ་ རིམ་མ་ནོར་བར་དར་སྤེལ་དགོས་པ་གལ་ཆེའོ། །
བཞི་པ་རླུང་རྟ་འདོགས་པའི་གཟའ་ཚེས་དང་དུས་སྦྱོར་ལ་དཔྱད་པ།
དེ་ཡང་“རི་བསང་རླུང་རྟ་”ཞེས་པ་ནི་རི་མཐོན་པོའི་རྩེ་ནས་ཡུལ་ལྷ་དང་དགྲ་ལྷ་ སོགས་ལ་དྲི་ཞིམ་བསང་གི་མཆོད་པ་དང་རླུང་རྟ་སྤེལ་འདོགས་བྱེད་པའི་ཡུལ་ལུགས་ ཀྱི་ཆོ་ག་ཅིག་སྟེ། རླུང་རྟ་སྤེལ་འདོགས་ནི་ཡོངས་གྲགས་ལྟར་ན་རང་རང་གི་བླ་གཟའི་ཉིན་མོར་སྤེལ་ འདོགས་བྱེད་སྲོལ་ནི་རྒྱུན་ལྡན་ལྟར་ཡིན་ལ། ཡང་ཅིག་བཤད་ན་གཟའ་ཚེས་བཤད་པ་ནི་རྩིས་གཞུང་དང་མཐུན་པའི་བྱ་ཐབས་ཅིག་ཡིན་ཡང་ སྤྱིར་རེས་གཟའ་ནི་ཉི་མ་དང་། ཕུར་སྤེན་གསུམ་ལ་བཟང་བར་བཤད་ལ། སྐར་མ་མགོ་རྒྱལ་དབོ་དང་ཆུ་སྨད་ཁྲུམས་སྟོད་ཐ་སྐར་ལེགས། དུས་སྦྱོར་ནི་གླང་སེང་དང་འཁྲིག་གཞུ་ལ་རབ་དང་། ཚེས་ནི་གནམ་སྨན་བཀྲ་ཤིས་ཉིན་མོ་དང་དུས་ཚོད་ནི་ནམ་ལངས་ཡོས་དང་ཉི་ཤར་འབྲུག་ བཅས་ལེགས་པར་སྙམ་ཡང་། སྤྱིར་བྱ་བ་ཅི་ཞིག་བསྒྲུབ་རུང་གཟའ་སྐར་ཚེས་དང་དུས་སྦྱོར་ལས་སོགས་རྟགས་དཔྱད་ བྱེད་སྲོལ་འདི་ནི་རྟག་གཟིགས་དང་ཞང་བོད་ཀྱི་ཡབ་མེས་ཚོའི་ཤུལ་ཏུ་བཞག་པའི་ཐུན་ མོང་མ་ཡིན་པའི་མན་ངག་ཅིག་ཏུ་བརྩི་རུང་། ༢༢„ “ཡང་གཟའ་དང་སྐར་མ་གཉིས་བཟང་ངན་མ་མཚུངས་ན་གཟའ་ཉིད་གཙོ་བོར་བཟུང། སྦྱོར་བ་དང་བྱེད་པ་གཉིས་མ་མཚུངས་ན་ཤིན་ཏུ་གཉན་པའི་བྱེད་པ་གཙོ། ཉི་མ་དང་དུས་ཚོད་མ་མཚུངས་ན་དུས་ཚོད་མཚོན་ཆ་རྣོ་བས་༼དུས་ཚོད་༽གཙོ། ཐམས་ཅད་བཟང་ངན་མ་མཚུངས་ན་མང་ཉུང་རྩིས་ཏེ་མང་བ་ཉིད་གཙོ།”ཞེས་པ་འདི་ཡང་འབྲེལ་ མེད་ཅིག་མ་ཡིན་སྙམ་ལ། རིག་པས་དཔྱད་ཀྱང་ལས་ཅི་བྱས་མན་ངག་དང་རྫས་སྦྱོར་ལ་འབྲེལ་ཡོད་པ་ནི་གནས་ལུགས་ ཅིག་ཡིན་མོད། གང་ཟག་ཞིག་གི་ཚེ་སྲོག་འཚོ་མིན་ནི་དབུགས་ལ་རགས་ལས་པ་ཡིན་ལ། དབུགས་བརྒྱུད་པ་ཉམས་པ་ལ་རླུང་རྟ་ཉམས་སམ་གུད་ཅེས་བཤད་པ་ཡིན་ལ། དབུགས་ཡེ་ཤེས་ཀྱི་རྩ་ལམ་དུ་རྒྱུད་བའི་ཚེ་རླུང་རྟ་དར་ཞིང་འབྱུང་ཁམས་བདེ་བའི་ རིག་པ་གསལ་བ་ཡིན་པས་རླུང་རྟ་ནི་ཕྱི་ནང་གཉིས་གར་ནས་བསམ་གཞིག་གནང་གལ་ཆེ་ལ། འགྲོ་བ་ཡོངས་ཀྱི་སྤྱོད་ཡུལ་ཅིག་ཏུ་ངོས་འཛིན་དགོས་པ་ལས་འཇིག་རྟེན་པའི་དགྲ་ འདུལ་གཉེན་སྐྱོང་གི་ཆེད་དུ་བྱེད་ཐབས་ཁོ་ན་ཅིག་ཏུ་ངོས་འཛིན་ཞུ་བ་ནི་ནོར་བར་ ཡིན་ལ། “ཡོན་ཏན་ཅན་ལ་རླུང་རྟ་གཙོ་”ཞེས་ལུང་ལས་ཀྱང་གྲུབ་བོ། ། དགེའོ། ། ། །
མཆན་བུ།