བརྒྱད་ཅུའི་དགུང་སྟོན་ལ་ཕུལ་བའི་ཤིས་ཚིག
བཅུ་དྲུག་ཤིང་ཕག་ལོ་ཡི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་འཛོམས་ཉིན།།
མདོ་སྨད་གསེར་ལྗོངས་སྟོད་ཆར་གཡུང་དྲུང་བདུད་འདུལ་གླིང་གི་ཉེ་གནས་སུ།།
ཁྱུང་དཀར་བསྟན་པ་དར་རྒྱས་རུས་སུ་སྤྲུལ་པའི་གཡུང་དྲུང་ཕུན་ཚོགས་དངོས།།
གོ་ལའི་ཁྱོན་འདིར་བྱོན་ནས་བོན་བསྟན་རྒྱལ་མཚན་འཕྱུར་ལ་བརྟན་བཞུགས་གསོལ།།
མང་ཐོས་བཤེས་གཉེན་གཙུག་ཏུ་བཀུར་ནས་ཐོས་བསམ་སྒོམ་སྒྲུབ་བྱ་བར་བརྩོན།།
འཇིག་རྟེན་སྣང་ངོར་རིམ་གྱིས་འབད་པར་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་།།
འཕོ་ཁྲིད་ཡུན་ནས་བཀའ་པོད་རིན་ཆེན་མཛོད་ཀྱི་ཁོག་ཆེན་གཏིང་མཐའ་དཔོག།
རང་དོན་བོན་སྐུར་བཞེངས་བའི་ཉམས་ལེན་རྒྱུན་པར་མཛད་ལ་བརྟན་བཞུགས་གསོལ།།
རང་ལོ་མཁའ་མིག་བཞེད་དུས་བོན་བརྒྱའི་བླ་རབས་གདན་ས་བསྐྱར་བཞེངས་མཛད།།
སྟོན་པའི་ཚུལ་བཟུང་འཁོར་ལོ་གསུམ་གྱིས་སློབ་ཚོགས་སྐྱོང་ཞིང་བོན་བསྟན་སྤེལ།།
འཆད་རྩོད་རྩོམ་པའི་བྱ་བ་མཛད་ཅིང་གླེགས་བམ་རིན་ཆེན་ཆར་དུ་སྙིལ།།
གཞན་དོན་གཟུགས་སྐུར་བཞེངས་བའི་དགེ་ལེགས་ལྷུན་གྲུབ་རྒྱ་མཚོར་བརྟན་བཞུགས་གསོལ།།
ཞེས་མཁས་གྲུབ་དམ་པ་༸སྐྱབས་རྗེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གདུལ་བྱ་འགྲོ་བའི་དོན་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགུང་སྟོན་དང་བསྟུན་སླར་ཡང་བསྟན་དང་འགྲོ་བའི་མགོན་དུ་ཞབས་པད་བསྐལ་བརྒྱའི་བར་དུ་སྐུ་ཚེ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བརྟན་ཅིང་བཞུགས་པའི་ཤིས་ཚིག་འདི་དབྲ་སྲས་འཇའ་ལུས་པའི་གདན་ས་རྦ་མདའ་བདེ་ཆེན་རི་ནས་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱིས་སྒོ་གསུམ་གུས་པས་ཕྱི་༢༠༡༣
ཟླ་༡༡ ཚེས་༡༨ ཉིན་ཕུལ།། མུ་ཙུག་སྨར་རོ།།