སྐུ་ཡི་ཕྱག་ཆ་གཤང་གི་བྱུང་རབ་ནི།
བསྭོ་དང་པོ་གཤང་གི་བྱུང་ཁུང་བཤད། །
སྔོན་གྱི་བསྐལ་པ་དང་པོ་ལ། །
མ་ཅིག་ཆུ་ལྕམ་རྒྱལ་མོ་ཡིས།
།
འདོད་ཆགས་རྒྱ་མཚོ་སྐེམ་པའི་ཕྱིར། །
གསེར་གྱི་སྤུ་གྲིས་བྲང་གི་ནུ་འབུར་བཅད། །
ཕྱག་ཏུ་བཞེས་པས་སིལ་སྙན་བྱུང་། །
གྱེན་བརླང་བདེ་ཆེན་ཞིང་བཀོད་ལྡན། །
མུ་ཁྱུད་རིམ་གསུམ་སྟོང་གསུམ་དཔེ། །
སིལ་ཞེས་འཁོར་བའི་ཚ་གདུང་སེལ།
།
སྙན་ཞེས་བསླབ་གསུམ་བསྙན་སྒྲ་སྒྲོགས།
།
སྡོམ་གསུམ་བསྟན་པ་དར་བ་དང། །
འདོད་ཆགས་མིང་ཡང་མེད་པའི་ཕྱིར། །
རྣམ་དག་ཁྲིམས་ལྡན་ཕྱག་ཆ་ལགས། །
བསླབ་གསུམ་བོན་བསྟན་དར་ཞིང་རྒྱས། །
དུས་དང་སྐལ་པ་དེ་ཙམ་ན། །
སྲིད་པ་སངས་པོ་འབུམ་ཁྲི་ཡིས། །
གཏི་མུག་མུན་པ་སེལ་བའི་ཕྱིར། །
བྲང་གི་ནུ་འབུར་གསེར་གྲིས་བཅད། །
ཕྱག་གིས་བླངས་ཏེ་ཁྲི་ལོ་གྱུར། །
གྱེན་སྒོར་འོག་མེན་ཞིང་ཁམས་དཔེ།
།
མུ་ཁྱུད་གསུམ་ལྡན་སྟོང་གསུམ་དཔེ།
།
ཁྲི་ནི་སེམས་ཉིད་རྣམ་པར་དག
།
ལོ་ཞེས་འོད་གསལ་འཁོར་ལོ་བསྒྱུར། །
གསང་བསྒོམ་བསྟན་པ་དར་བ་དང་། །
གསང་བསྒོམ་བསྟན་འཛིན་ཕྱག་ཆ་ལགས། །
གསང་བསྒོམ་བོན་བསྟན་དར་ཞིང་རྒྱས། །
སྐལ་པ་དེ་ཡི་འོག་རོལ་དུ། །
བདུད་འདུལ་དབལ་ཆེན་གེ་ཁོད་ཀྱིས། །
འཁྲུལ་རྟོག་ཞེ་སྡང་ཞི་བའི་ཕྱིར། །
གསེར་གྱི་ཉི་མ་ཞལ་དུ་གསོལ། །
ཞལ་རྒོད་ཙམ་གྱིས་ཉི་མ་ཤོར།
།
ཕྱག་གིས་བརྙབ་པའི་ནུ་འབུར་ཟིན། །
ནུ་མ་ཆད་པས་དབལ་ཆེན་གྱིས།
།
ཕྱག་ཏུ་བླང་པས་གསེར་གཤང་བྱུང་། །
གྱེར་སྒོར་མི་འགྱུར་དབྱིངས་ཆེན་དཔེ།
།
མུ་ཁྱུད་གསུམ་ལྡན་སྟོང་གསུམ་དཔེ།
།
གསེར་ཞེས་ཉི་མ་བྱུང་བ་དང། །
གཤང་ཞེས་ཐམས་ཅད་ཟིལ་གྱིས་གནོན།
།
བསྐྱེད་རྫོགས་བསྟན་པ་དར་བ་དང་། །
ཞེ་སྡང་གདུག་སེམས་འཇོམས་པའི་ཕྱིར། །
གསང་སྔགས་སྒྲུབ་ཆེན་ཕྱག་ཆ་ཡིན། །
འདུལ་སྔགས་བོན་བསྟན་དར་ཞིང་རྒྱས། །
དེ་ནས་གཤང་གི་ཆགས་ཚུལ་བཤད། །
བཀྲ་ཤིས་ལི་དཀར་གྲུབ་པ་ནི། །
ཡོད་ཁམས་དཀར་པོའི་ཆགས་ཚུལ་ཡིན། །
མཛེས་ལྡན་མི་ཏོག་དབྱིབས་བྱས་པ། །
འོག་མིན་ལྷ་གནས་ཆགས་ཚུལ་ཡིན། །
མུ་ཁྱུད་རིམ་གསུམ་བསྐོར་བ་ནི། །
སྟོང་གསུམ་སྟོང་གི་ཆགས་ཚུལ་ཡིན། །
རིན་ཆེན་ཁྲི་མཁར་བརྩེགས་པ་ནི། །
ཁྲི་ཐབས་གླ་འདྲེན་བྱས་པ་ནི། །
འགྲོ་དྲུག་གླད་ནས་སླད་དུ་འདྲེན། །
དེ་ནས་ཨ་ལུང་བཏགས་པ་ནི། །
དད་པས་ཨ་ལུང་ཚུལ་ཡིན་ནོ། །
དར་སྐུད་ལྕེ་ཐག་བྱས་པ་ནི། །
ཐུགས་རྗེ་ཉག་ཐག་ཚུལ་ཀྱང་ཡིན། །
རིན་ཆེན་སྣ་ཚོགས་བརྒྱན་པ་ནི། །
ལམ་ལྔ་ས་བཅུ་བསྒྲོད་ཚུལ་ཡིན། །
གཙུག་སྐྱེས་ར་ཡི་གཤང་ལྕེ་ནི། །
རིག་པ་བོན་སྐུ་ཐིམ་པར་གྱུར། །
རིགས་ལྔའི་ས་བོན་བཀོད་པ་ནི། །
ཕྱི་ནང་གསང་བའི་དཀྱིལ་འཁོར་གནས། །
བཀྲ་ཤིས་རྟགས་བརྒྱད་བཀྲ་བ་ནི། །
འགྲོ་ཀུན་བདེ་སྐྱིད་ལྡན་པར་འགྱུར། །
ཆང་བཟུང་ཕྱིང་དཀར་བྱས་པ་ནི། །
འགྲོ་ཀུན་དག་ལ་འཛུག་པའི་ཕྱིར། །
ཕྱི་གཡོག་ཀོ་བ་བྱས་པ་ནི། །
ཕྱིན་པ་ཐམས་ཅད་དགེ་སྤྱོད་ཚུལ། །
གཤང་འཕེན་དར་གྱིས་བྱས་པ་ནི། །
འགྲོ་ཕན་རྒྱལ་བསྟན་དར་བའི་ཚུལ། །
རིན་ཆེན་རྒྱན་གྱིས་བརྒྱན་པ་ནི། །
སེམས་ཅན་འདོད་དགུ་འཕེན་པར་འགྱུར། །
འཕེན་རྩི་མུ་ཏིག་བརྒྱན་པ་ནི། །
མུ་སྟེགས་པ་རྣམས་བོན་བསྟན་འཛུགས། །
དེ་ནས་གཤང་འདི་དར་ཚུལ་ནི། །
འདི་དག་རྣམས་ནས་དཔེ་བླངས་ནས། །
རིན་ཆེན་བཀྲ་ཤིས་ལི་དཀར་ལ། །
རིག་ཅན་བཟོ་བོ་ཀུན་གྱིས་བཟོ། །
སྟོང་གསུམ་འཇིག་རྟེན་ཀུན་ཏུ་དར། །
དེ་ནས་གཤང་འདི་དཀྲོལ་ཚུལ་ནི།
།
གཤང་ལྕེ་ཕར་ལ་གཡུག་ཙམ་ན། །
དགྲ་བགགས་ཐམས་ཅད་ཐལ་བར་བརླག །
གཤང་ལྕེ་ཚུར་ལ་གཡུག་ཚམ་ན། །
ཡོན་མཆོད་ལྷ་ཚོགས་ངོ་སོ་མཐོ། །
ཚམ་ཚམ་དྲག་ཏུ་ཕོབ་ཙམ་ན། །
ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད། །
གཤང་སྐད་དབྱངས་བསྙན་སྒྲོགས་ཙམ་ན། །
སྲི་ཞུའི་མགྲོན་རྣམས་མཉེས་པར་འགྱུར། །
ཡོན་ཏན་མགྲོན་རྣམས་ཐམས་ཅད་དང་། །
ལན་ཆགས་མགྲོན་རྣམས་གདུག་རྩུབ་ཞི།
།
སྙིང་རྗེའི་མགྲོན་རྣམས་འདོད་པས་ཚིམས། །
ཞི་བའི་འཕྲིན་ལས་ལྷུན་གྱིས་གྲུབ།
།
རྒྱས་པའི་འཕྲིན་ལས་མཐའ་རུ་ཕྱིན། །
འཇིག་རྟེན་དཔལ་མགོན་བཀའ་ལ་ཉན། །
ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོར། །
རིགས་དྲུག་སེམས་ཅན་ཐར་པར་དྲངས། །
སྒྲུབ་གཤེན་ཡོན་མཆོད་འཁོར་འདས་ཀྱི། །
ཕྱྭ་ཚེ་ལོངས་སྤྱོད་དབང་ཐང་སྤེལ། །
མི་མཐུན་རྐྱེན་ངན་ཐམས་ཅད་ཟློག །
བསམ་དོན་མ་ལུས་འགྲུབ་པར་མཛོད། །
གཤང་རབ་བསྡུས་པ་རྫོགས་སོ། ཞེས་པ་འདི་ནི་གཤང་རྔ་ཨུན་སྦུབ་རྐང་གླིང་རྣམས་ཀྱི་བྱུང་ཁུང་རབ་བཤད་ཅེས་པ་ལས་དྲངས།།