སྒྲ་དབྱངས་འུར་ཆེན་རྔ་ཡི་བྱུང་
ཁུང་རབ་བཤད།
བསྭོ་ཐོག་འབྲུག་བར་སྣང་སྒྲ་ཡི་གསས་མཁར་ནས། །
མི་བཟད་གནམ་གྱི་ལྷ་རྒོད་ཐོག་པ་རྗེ།
།
དྲག་པོ་གསུང་གི་སྒྲ་ཆེན་སྒྲོགས་པ་ནི།
།
སྒྲ་རྒྱལ་དབལ་གྱི་གཡུ་འབྲུག་སྔོན་པོ་བྱུང་།
།
གཡུ་འབྲུག་ལུས་ལ་དབལ་གྱི་གཡུ་རྔ་བྱུང་།
།
གཡུ་འབྲུག་རྭ་གཉིས་རྐང་ལག་བཞི་དང་དྲུག །
རྭ་སྦུག་མཛོད་སྣ་བཅས་པ་དྲུག་ཏུ་བྱུང་།
།
འབྲུག་རྔ་ས་ཡི་བརྟེན་ཕུར་རྔ་ཡུ་བྱུང།
།
གཡུ་འབྲུག་དེའི་དབལ་གྱི་རལ་པ་ལ།
།
གནམ་གྱི་འཇུ་ཐག་ཡར་གྱི་རྔ་ཐག་བྱུང།
།
མེ་རི་མེ་དཔུང་འབར་བའི་གཤོག་པ་ལ།
།
རྔ་ཐུག་རྔ་འཕེན་སྣ་ཚོགས་རང་འབྱུང་བྱུང། །
རླུང་སྤྲིན་ཆུ་སྤྲིན་མཛེས་པའི་རླུང་གཤོག་ལ།
།
སྒྲུབ་ཆེན་འཆང་བཟུང་མར་གྱི་རྔ་ཐག་བྱུང།
།
དབལ་འབྲུག་ཁ་ནས་ཐོག་ཞིག་བྱུང་བ་ལ།
།
གཏི་མུག་མུན་པ་ཆུ་སྲིན་རྔ་ཡུ་ལ།
།
ཞེ་སྡང་སྦྲུལ་གྱི་རྔ་ལྕགས་དང།
།
འདོད་ཆགས་སྙིང་པོ་བྱ་རང་རྔ་རྟིང་བྱུང།
།
དེ་ནས་དབལ་གྱི་རྔ་ཆེན་ཆགས་ཚུལ་ལ།
།
ཟླུམ་པོ་བོན་ཉིད་དབྱིངས་ཀྱི་ཆགས་ཚུལ་ལྡན།
།
རྔ་སྦུག་དྲུག་ནི་རིགས་དྲུག་ལྡན་ཚུལ་ཅན། །
ཡར་གྱི་རྔ་ཐག་ཐུགས་རྗེ་ཉག་ཐག་སྟེ། །
འགྲོ་དྲུག་བདེ་ཆེན་བོན་དབྱིངས་འདྲེན་པར་གྱུར།
།
མར་གྱི་རྔ་ཐག་ཐུགས་རྗེ་ཞགས་པ་སྟེ། །
འགྲོ་ལ་ཐུགས་རྗེས་རྒྱུན་དུ་བཟུང་པར་གྱུར། །
རྔ་ཡུ་སངས་རྒྱས་བསྟན་པའི་བརྟེན་ཕུར་ཏེ།
།
བསྟན་དགྲ་བར་ཆོད་དགྲ་བགེགས་བསྒྲལ་བར་གྱུར། །
རྔ་ཐུག་མགྲོན་བཞིའི་ལྷ་ཚོགས་ཐམས་ཅད་བརྟེན།
།
ཆགས་ཉམས་བསྐང་ཞིང་བར་ཆོད་རྐྱེན་རྣམས་ཟློག
།
རྔ་འཕབ་ཕྱི་ནང་ཞི་རྒྱས་ལྷ་སྲུང་བརྟེན། །
ཞི་རྒྱས་དབང་དྲག་འཕྲིན་ལས་དར་ཞིང་རྒྱས།
།
རྔ་ལྕགས་དུག་གསུམ་སྙིང་པོ་ལས་གྲུབ་པའི།
།
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་འགྱུར།
།
དེ་ནས་རྔ་འདི་དར་ཚུལ་བཤད་པ་ལ།
།
དབལ་གྱི་རྔ་ཆེན་དེ་ལ་དཔེ་བླངས་ལ།
།
རིག་ལྡན་བཟོ་བོ་ཀུན་གྱིས་བཟོ་བའི་རྔ། །
སྟོང་གསུམ་འཇིག་རྟེན་ཀུན་ཏུ་དར་བ་ཡིན།
།
དེ་ནས་རྔ་འདི་བརྡུང་ཚུལ་བཤད་པ་ལ།
།
དབུས་ཀྱི་ཕོ་བྲང་གཏིང་ནས་མི་དཀྲུག་ཅིང།
།
མཐའ་ཡི་ལྕགས་རི་གཏོར་བར་མ་བྱེད་དེ།
།
བར་ཆོད་དགྲ་བགེགས་ཤུགས་ཀྱིས་བསྒྲལ་བར་བྱ།
།
གཉིས་རྡུང་བྱས་པས་ཞི་བའི་ལས་ཀུན་འགྲུབ།
།
རང་འབྱུང་འབྲུག་མོ་འུར་ལྡིར་རྔ་སྒྲ་འདིས། །
མི་མངོན་དབྱིངས་ཀློང་ཡེ་ཤེས་ལྷ་ཚོགས་མཉེས།
།
མི་ལྤགས་རི་དྭགས་གཡང་གཞིའི་རྔ་སྒྲ་ཡིས།
།
བོན་སྐྱོང་དཔལ་མགོན་ཐུགས་དམ་བསྐང་བར་གྱུར།
།
གཅན་གཟན་གཡང་གཞིའི་རྔ་སྒྲ་ཡིས།
།
ལྷ་སྲིན་སྡེ་བརྒྱད་གདུག་གཙབ་ཞི་བར་འགྱུར།
།
གཡུང་དྭགས་གཡང་གཞིའི་གཡོག་པའི་རྔ་སྒྲ་ཡིས།
།
རིགས་དྲུག་སེམས་ཅན་སྡུག་བསྔལ་སེལ་བར་གྱུར།
།
དེ་ལྟར་དབལ་གྱི་རྔ་སྒྲ་སྒྲོགས་པ་ཡིས།
།
ཡེ་ཤེས་ལྷ་ཡི་དངོས་གྲུབ་ཆར་ལྟར་འབེབ།
།
བོན་སྐྱོང་དཔལ་མགོན་རྫུ་འཕྲུལ་མཐུ་རྩལ་བསྐྱེད།
།
ཕོ་ཉ་སྲུང་མ་བསྒྲལ་བྱེད་ལས་ལ་མྱུར།
།
བར་ཆོད་དགྲ་བགེགས་མཐུ་ཡིས་བསྒྲལ་བར་མཛོད།
།
ཅེས་རྔ་རབ་བསྡུས་པ་རྫོགས་སོ། ཞེས་པ་འདི་ནི་གཤང་རྔ་ཨུན་སྦུབ་རྐང་གླིང་རྣམས་ཀྱི་བྱུང་ཁུང་རབ་བཤད་ཅེས་པ་ལས་དྲངས།
། དགེའོ། །