བདེན་པའི་ཐ་ཚིག་ཉག་གཅིག
བདེན་པའི་ཐ་ཚིག་ཉག་གཅིག་ནི། ཆད་མེད་སྙིང་གི་དམ་བཅའ་མཐུད། བསྟན་སྲུང་རྨ་བྱའི་གོས་ཅན་གྱིས། གཞུང་འདི་ཡོངས་སུ་ཟུངས་ཤིག་ཀྱཻ། ཟབ་མོའི་གཙུག་ལག་དམ་པ་འདི། མཇུག་དོན་བསླབ་པ་མདོར་བསྡུས་བསྟན། དེ་ཡང་ས་བཅད་རྣམ་པ་ལྔ་། དང་པོ་བརྩམ་གཞི་གང་གིས་བསླངས། དེ་ཉིད་ཉམས་སུ་ཇི་ལྟར་ལེན། གཟུང་ཐུབ་སྣོད་ལྡན་སུ་ལ་གཏད། ལག་ལེན་གཏན་ལ་འབེབ་ལུགས་དང་། དེ་ཡི་ཡོན་ཏན་འབྱུང་ཚུལ་བཅས། ས་བཅད་རྣམ་པར་ལྔས་བསྡེབས་ཏེ། དང་པོ་ཚུལ་འདི་བརྩམ་པའི་གཞི། སྔོན་ཚེ་དུས་གསུམ་མཁྱེན་པ་ཡིས། མན་ངག་དུས་ཀྱི་འཁོར་ལོ་གསུངས། དེ་ཡི་དགོངས་འགྲེལ་རྒྱ་ནག་ཏུ། ཀོང་ཙེ་རྗེས་འབྲངས་དང་བཅས་པས། གཙུག་ལག་རྩིས་སྒོ་མང་དུ་གསུངས། དེ་ཡང་བརྒྱུད་པ་ཁུངས་ལྡན་ནི། ལོ་ཙཱ་ནམ་མཁའ་གཡུང་དྲུང་སོགས། ཞང་བོད་མཁས་པ་མང་པོ་ཡིས། རྒྱ་རྩིས་ཕྱི་ནང་གསང་གསུམ་བསྒྱུར། རྒྱ་བོད་ཞང་གསུམ་རྩིས་ཀྱི་ཁྱབ། ཁྱད་པར་བོད་ཡུལ་ཐོག་མ་རུ། རྒྱུ་ཡི་བོན་འདི་སྔ་ཞེས་གྲགས། ཁ ཅིག་སྲོང་བཙན་སྒམ་པོ་ཡན། བོད་ལ་ཡི་གེ་མེད་ཅེས་ཟེར། དེ་ཕྱིར་ལྷག་པའི་བསླབ་པ་དང་། ཐུན་མོང་རིག་བྱེད་མེད་པར་འདོད། གང་འདི་འབྲེལ་མེད་རྫུན་སྨྲ་སྟེ། སྔོན་ཐལ་རྒྱལ་དང་གཤེན་པོ་ཡིས། མདོ་སྔགས་བསྟན་པ་དར་བའི་ཚེ། བོད་རྣམས་རྒྱུ་འབྲས་བོན་སྒོ་ལ། སྤྱོད་ན་ཐར་ལམ་གང་གིས་འཁྲིད། ཟབ་མོའི་བདེན་དོན་གང་གིས་སྟོན། མ་སྤྱོད་བོད་རྣམས་བྱ་སྤྲེལ་བཞིན། འདོད་དོན་བརྡའ་སྤྲོད་ཇི་ལྟར་བྱེད། ཡི་གེར་མ་བསྟེན་དོན་རྟོགས་ན། ཐམས་ཅད་གཟུངས་སྤོབས་བློ་ལྡན་པས། ལྗོངས་འདི་རྒྱལ་བས་ཅིའི་ཕྱིར་འདུལ། ཡི་གེ་མི་དགོས་བརྡ་འཕྲོད་ན། བོད་དང་བྱོལ་སོང་ཁྱད་པར་ཅི། བསླབ་པའི་སྣོད་ཙམ་ག་ལ་རུང་། དེ་ཕྱིར་མངོན་སུམ་རྗེས་དཔག་གི། ཚད་མས་དཔྱད་ན་དམ་བཅའ་བུད། འོན་ཀྱང་རྒྱ་ཆེ་རོལ་པ་ལས། བཤད་པའི་འཕགས་ཡུལ་ཡིག་རིགས་རྣམས། སྔོན་ཆད་བོད་ལ་མ་གྲགས་ཞེས། སྨྲ་ན་དེ་ལ་རྩོད་མི་བྱ། ཁ་ཅིག་རྨོངས་པ་རང་ལུགས་སུ། བཅོས་ནས་འཆོས་གཞིའི་དྲིན་རྣམས་བརྗེད། བདེན་པའི་དོན་ལ་སྐྱོན་འདོགས་སོགས། རང་སུན་རང་གིས་འབྱིན་པའང་ཡོད། ཁ་ཅིག་བོན་ལ་མ་བསླབ་པས། བོན་གྱི་སྙིང་པོ་ག་ལ་རྟོགས། དེ་ཕྱིར་ཕྱི་རོལ་ཕྱོགས་བསྒྲུབ་སོགས། ཡང་དག་དོན་ལ་ཐེ་ཚོམ་ཚིག ཁྱི་རྒན་མྱོས་པའི་ཅ་ཅོ་བཞིན། མང་ཡང་རེ་ཞིག་བཏང་སྙོམས་སོ། ། ཞེས་མཁས་གྲུབ་ལོང་རྟོགས་རྒྱ་མཚོའི་གསུངས་རྩོམ་༼ནག་རྩིས་སྣང་སྲིད་མེ་ལོང་༽ལས་དྲངས།
།