ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཞུང་ས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ།
[ 2012/4/26 13:30:00 | By: བྲག་མགོ་ཚེ་དབང་། ]
 

གཞུང་ས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ།

གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་༼གཡུང་དྲུང་བོན་གྱི་དགོན་སྡེ་དང་གྲྭ་བཙུན་གྱི་གྲངས་

འབོར་དེའི་སློབ་གསོ་ལམ་ལུགས༽སྐོར་གླེང་བ།

              ཇི་སྐད་དུ། དགའ་བའི་གླུ་གར་བྲོ་ཡིས་བསུ་མ་མེད་རུང༌། ལམ་སྒྱགས་ཉིན་མར་ཞིག་གིས་སྐྱེལ་མ་ལོས་བྱེད། ཅེས་པའི་དཔེ་ལྟར། གཞུང་ས་དགའ་ལྡན་ཕོ་བྲང་དབུ་བཙུགས་ནས་བཟུང་ད་ལྟ་མཇུག་སྒྲིལ་བའི་བར་དུ་མི་ལོ་སུམ་བརྒྱ་རེ་དགུ་༼༣༦༩༽ཧྲིལ་པོ་འཁོར་བའི་རིང་སྲིད་དབང་གིས་འཇིག་རྐྱེན་༼བེ་རི་རྒྱལ་པོ་ལྷ་སྡེ་དང་ཇོ་ནང་སོགས༽གནམ་ས་གཡོ་འགུལ་ལྟ་བུ་ཡང་བྱུང་ཡོད་ལ། འཛིན་སྐྱོང་གིས་དགའ་ལྡན་དབུ་འཕང་༼སེར་འབྲས་དགའ་གསུམ།༽མཐོ་སྒང་དང་མཉམ་ཡོད། གང་ལྟར་ཀྱག་ཀྱོག་གི་སྲིད་ལམ་ཕྲ་མོ་རྒྱུད་ནས་ད་བར་བཟང་ས་ནས་སྟོད་པའི་རྒྱན་ཡང་ཕུལ་འོས་ལ་ངན་ས་ནས་སྡིག་སྨོད་སྣ་དགུ་བྱེད་འོས། འོན་ཀྱང་རྒྱལ་དབང་ལྔ་པའི་རང་རྣམ་༼འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང༌།༽བོད་གཉིས་པའི་ཤོག་ངོས་༼༢༧༣༽ལས།༼ཞང་སྟོན༌། དར་སྡིངས། རི་ཞིང༌། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ།༽ཞེས་གསུངས། བན་དྷེའི་སྡེ་དཔོན་དང་འདྲ་བར་བོན་པོའི་གདུང་བརྒྱུདཆེ་ཁག་བཞི་ལ་གདན་ཁྲིར་འགྱིང་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པ་མངོན་ལ། ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་གསུམ་སྐས་སྒོ་མཆོར་གྱི་གྱང་ངོས་སུ།༼ཛམ་བུ་བཀྲ་ཤིས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་རྒུ་སྤྱི་དང་བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་བ་སོགས་རིས་མེད་ཀྱི་ཁྲིམས་མཐུན་འདུས་པའི་སྡེ་གསང་སྔགས་འཆང་བ་གཡུང་དྲུང་བོན་སོགས་ལྷ་སྡེ་གཏོགས་སོ་ཅོག་དང་སོག་པོ་ཚོ་ཆེན་བཞི་བཅུ་ཨོ་རོད་ཚོ་བ་བཞི་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་གནས་པའི་རྒྱལ་པོ་རྒྱལ་རིགས།༽ཞེས་རྒྱལ་དབང་ལྔ་པའི་བཀའ་ཡིག་འཀོད་ཡོད་ལ། ཕྱག་ཐམ་གྱི་ཚུལ་དུ་བཀའ་ཡིག་འོག་ཏུ་རྒྱལ་དབང་རང་གི་ཕྱག་རྗེས་ཀྱང་གསལ་བོར་བགོད་ཡོད། དམངས་ནས་ཀྱང་རྒྱལ་དབང་གི་བསྟན་སྲིད་དང་འབངས་ཀྱི་བདེ་དོན་ལ་དམིགས་ནས་སྐུ་རིམ་མང་དུ་བསྒྲུབས་ཏེ། ཕྱི་ལོ༼༡༦༧༡༽ལོར་རང་རྣམ་༼འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང༌།༽པོད་གཉིས་པའི་ཤོག་ངོས་༼༢༡༡༽ལས། ༼ཟླ་བ་བཞི་པའི་འགོར་ཞང་ཞུང་ལུགས་ཀྱི་རྩིས་དང༌། དེར་བབས་པའི་བཅོས་རིམ་མང་དུ་མཛད།༽ཅེས་གསུངས་སོ། ཇི་སྐད་དུ། ངན་ལ་གླེང་རིན་མེད་ཀྱང༌། བཟང་ལ་བཤད་རིན་ཡོད། ཅེས་པའི་དཔེ་ལྟར། བཟང་ས་ནས་ད་དུང་གླེང་རྒྱུ་སྣང་ཡང༌། ཇི་སྐད་དུ། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག ཞེས་པས་དེ་ཙམ་གྱིས་མཐུས་སྙམ། རྟེན་ཅིང་འབྲེལ་བའི་དེང་རབས་ཀྱི་ཉི་གཞོན་གསར་དུ་བཞེད་དུས་ལས་དབང་གི་ཁ་ཕྱོགས་གཡོ་སྟངས་ཅིག་དང་ལྷན་གཞུང་ས་དགའ་ལྡན་ཕོ་བྲང་མཇུག་བསྒྲིལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དེང་འདིར་སྒྲེང་ཡོད།།

དངོས་སུ་གླེང་བར་བྱ་བ་ནི་ལོ་ངོ་༼༣༦༩༽འཚོ་བའི་གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་སུ། ༼གཡུང་དྲུང་བོན་གྱི་དགོན་སྡེ་དང༌། གཡུང་དྲུང་བོན་གྱི་གྲྭ་བཙུན་གྲངས་འབོར། དེའི་སློབ་གསོའི་ལམ་ལུགས།༽སྐོར་བརྗོད་གཞི་གཏན་འབབ་གནང་བས། དགོས་བབ་དང་བསྟུན་གླེང་བར་བྱ་བ་ལ། །

༽ གཡུང་དྲུང་བོན་གྱི་དགོན་སྡེ་སྐོར་གླེང་བ།

                          སྤྱིར་གཡུང་དྲུང་བོན་གྱི་དགོན་སྡེ་ཕར་ཆེ་བ་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་རྗེས་སུ་གསར་འཛུགས་གནང་བ་མ་ཡིན་ཡང་དུས་ཀྱི་འགྱུར་འགྲོས་དང་བསྟུན་གཞུང་འདིའི་མངའ་ཁོངས་ནས་བརྒྱུད་མྱོང་བ་ནི་ལྟ་ཅི་ཆགས་འཇིག་ཡང་སྣ་ཚོགས་ཅིག་བྱུང་ཡོད་ལ། གཡུང་དྲུང་བོན་གྱི་དགོན་སྡེའི་སྐོར་སྤྱིར་རེ་རེ་ནས་བཤད་དགོས་ན། ཆེ་མང་བས་ཕྲན་ལ་ཟབ་རྒྱས་བཤད་པའི་རྣམ་དཔྱོད་ཀྱང་མེད་པས་རེ་རེ་ནས་བཤད་སྤོབ་བྲལ་ཡང༌། འདིར་བོན་ལུགས་ཀྱི་གྲྭ་ས་གོང་འོག་བར་གསུམ་ནི་དགོན་སྡེ་གཙོ་གྲས་ཡིན་པས་དེ་དག་གི་ལོ་རྒྱུས་དང༌། ཞོར་བྱུང་དགོན་སྡེའི་གྲངས་འབོར་དཔྱད་པ་ལས། །

དང་པོ་གྲྭ་ས་ཁག་གི་ལོ་རྒྱུས་ཉུང་ཙམ་འགོད་པ་ལ།

                               གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་ཞེས་པ་དགོན་འདི་ནི་ྋརྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གཡས་རུ་གཙང་གི་ས་ཆ། ཐོབ་རྒྱལ་ལ་ཡི་འགལ་དུ། རབ་བྱུང་བདུན་པའི་ཤིང་བྱ་༼ཕྱི་ལོ་༡༤༠༥༽ལོར་ཕྱག་བཏབ་ཅིང་༼དཔལ་ལྡན་བཀྲ་ཤིས་སྨན་རིའི་གླིང༌།༽ཞེས་མཚན་གསོལ། དེར་ཁང་ཚན་བཅུ་གཉིས་དང་གྲྭ་ཚང་བཞིར་ཕྱེས་ཡོད་ལ། སྒྲིག་གཞི་ནི། ༼གྲྭ་བ་སྒྲིག་གིས་འཚོ། ཉ་མོ་ཆུ་ཡིས་འཚོ།༽ཞེས་པའི་དཔེ་ལྟར། རྣམ་དག་འདུལ་བའི་གཞུང་དང་མཐུན་པའི་སྒྲིག་གཞིའི་འོག་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་༼སྒྲུབ་པ་བཅུ་གཉིས།༽ཀྱིས་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་ལ། དེ་ཡང་ྋརྒྱལ་དབང་དགེ་འདུན་གྲུབ་པའི་རབ་བྱུང་བརྒྱད་པའི་མེ་ཡོས་༼ཕྱི་ལོ༡༤༤༧༽ལོར་ཕྱག་བཏབ་པའི་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྡེ་དང་དགོན་འདི་གཉིས་སྐྱིད་སྡིག་གཅིག་པ་ལྟ་བུ་ཕན་ཚུན་འབྲེལ་འདྲིས་ཟབ་ཅེས་གོ་ཐོས་བྱུང་ཡང་དངོས་ཡོད་དེ་ལྟར་ཡིན་མིན་མ་ཤེས་ཀྱང༌། གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རུང་དགོན་འདི་ལ་ཆག་སྒོ་མ་བྱུང་བར། རྣམ་འདྲེན་ྋརྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་བཟུང་ད་ཡོད་སྨན་རིའི་ྋམཁན་རབས་༼༣༣༽པ་ལུང་རྟོགས་བསྟན་པའི་ཉི་རིན་པོ་ཆེ་བར་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་བཅས་ཀྱི་ཟམ་མ་ཆད་བར་རིམ་བརྒྱུད་དུ་གནས་ཡོད་ཅེས་མདོར་བསྡུས་པའོ།།

གཉིས་པ་དཔལ་ལྡན་མཁར་སྣ་བསམ་གཏན་གླིང་གི་སྐོར།

                                གྲྭ་ས་བར་མ་དཔལ་ལྡན་མཁར་སྣ་བསམ་གཏན་གླིང་ཞེས་པའི་དགོན་འདི་ནི་གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་གསར་དུ་ཕྱག་བཏབ་པ་ཞིག་ཡིན་ལ་བོན་བསྟན་སྔ་དར་གྱི་དུས་སུ་བོན་གྱི་འདུ་གནས་སོ་བདུན་གྱི་ནང་གསེས། བྲུད་ཀྱི་མཁར་སྡོང་ཞེས་པའི་ས་གནས་དེ་ནི་རིག་འཛིན་གོང་མ་རྣམ་པས་བྱིན་གྱིས་རློབས་པའི་གནས་ཞིག་ཡིན་ལ། ྋརྒྱལ་བ་སྨན་རི་བའི་མཁན་རབས་ཉེར་ལྔ་པ་༼༢༥༽འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་༼ཕྱི་ལོ་༡༨༧༣༽ལོར་ས་གནས་དེར་ཕྱག་བཏབ་ཅིང༌། དགོན་གྱི་ཕྱི་ནང་བཅའ་བཞག་སྒྲིག་སྲོལ་ནི་ྋརྒྱལ་བ་སྨན་རི་བའི་རང་ལུགས་འཁྲུལ་པ་མེད་པའི་སྲོལ་རྒྱུན་ལྟར་ཡིན་ཡང༌། ད་སྐབས་བཤད་གྲྭའི་འཆད་ཉན་དེ་ཙམ་མེད་ལ་སྒོམ་སྒྲུབ་གཙོ་ཆེར་བཟུང་ཞིང༌། དགོན་འདིའི་འཛིན་སྐྱོང་བྱེད་པོ་ནི་ྋརྒྱལ་བ་སྨན་རིའི་བའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཡིན་ནོ། །

གསུམ་པ་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་སྐོར།

                                   གྲྭ་འོག་མ་རབ་ལེགས་གཡུང་དྲུང་གླིང་ཞེས་པ་དགོན་འདི་ནི་༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་གསར་དུ་ཕྱག་བཏབ་པ་ཞིག་ཡིན།༽རབ་བྱུང་བཅུ་བཞི་པའི་ཤིང་རྟ་༼ཕྱི་ལོ་༡༨༣༥༽ལོར་སྐྱབས་མགོ་ཟླ་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང༌། གྲྭ་ཚང་བཞི་དང་ཁང་ཚན་བརྒྱད་དུ་ཕྱེས་ཡོད། ྋསྐྱབས་མགོན་མཆོག་དང་མཁས་པའི་དབང་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན་ཟུང་གིས་མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོལ་ཆེན་བཙུགས་ནས་བསྟན་པ་རྒྱ་ཆེར་སྤེལ་བའི་འདུ་གནས་ཤིག་ཡིན། གཞན་ཡང་འཇམ་དབྱངས་ཆོས་རྗེ་ཡིས་རབ་བྱུང་བདུན་པའི་མེ་སྤྲེལ་༼ཕྱི་ལོ་༡༤༡༤༽ལོར་ཕྱག་བཏབ་པའི་གདན་ས་དཔལ་ལྡན་འབྲས་སྤུངས་དགོན་ཆེན་དང་མཐུན་འབྲེལ་ཟབ་མོའི་ཨ་ལོང་ཡོད་ཞེས་གྲགས། དུས་དབང་གིས་བར་སྐབས་སུ་དགོན་འདི་ཉམས་རྒུད་ཤུགས་ཆེར་བྱུང་ཡང༌། འགྲོ་བ་སེམས་ཅན་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་ལས་སྨོན་མཐུས་སླར་ཡང་དུས་རབས་འདིར་མཐུན་རྐྱེན་གང་ལེགས་སུ་གྱུར་ཡོད་པའོ་ཞེས་གནས་བསྡུས་ཙམ་མོ། །               

ཞོར་བྱུང་གཡུང་དྲུང་བོན་གྱི་དགོན་སྡེ་གྲངས་འབོར་གླེང་བ།

                       དགོན་སྡེ་གྲངས་ཚད་འདི་ཞེས་མཐའ་ཅིག་ཏུ་མ་ངེས་ཀྱང་རོབ་རྩིས་ཀྱིས་ཚོད་དཔག་བྱས་ན་གྲངས་༼༣༥༠།ནས ༤༠༠།བར་༽ཡོད་སྙམ། སུམ་བརྒྱ་ལྔ་བཅུ་ལྷག་ཙམ་གྱི་མཚན་དང་ཕྱག་བཏབ་ཡུལ་བཅས་གཟིགས་སླ་ཕྱིར་ཁུལ་དང་རྫོང་སོ་སོར་ཕྱེས་༼ཕྱི་༢༠༠༣ལོར་འཕགས་ཡུལ་ཏུ། ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དྲན་དེབ།༽ཡོད་ཅིང་དེ་ཉིད་ལས་༼བོན་ཕྱི་དར་དང་འབྲེལ་བའི་གཡུང་དྲུང་བོན་གྱི་དགོན་སྡེ།༽ཞེས་པའི་སྡེ་ཚན་ལས་ཁ་གསལ་འཁོད་ཡོད་འདུག་ཀྱང་ཆ་ཚང་བ་བསྡུད་འགོད་བྱེད་མ་ཐུབ་པར་སྣང༌། དེ་ཉིད་ལས་༼གཞན་ཡང་ཡུལ་ཕྱོགས་འགའ་ཡི་དགོན་མིང་མ་ངེས་པས་རེ་ཞིག་འབྲི་ཐབས་བྲལ་བ་དང༌།༽ཞེས་འཁོད་ཡོད་པ་དང༌། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བོན་དགོན་ཁག་གི་དངོས་ཡོད་ཉམས་ཞིབ་གནང་བའི་༼Asurveyof bonpo monaeries and temples in Tibet and the himalaya༽ཞེས་པའི་ཆེད་བརྩམས་ཀྱི་ནང་དུ་འབྱིན་ཡིག་ཐོག་དངོས་ཡོད་ལོས་རྒྱུས་གསལ་བོ་དང༌། དགོན་སྡེའི་གྲངས་འབོར་༼༢༣༡༽ཙམ་གྱི་ལོ་རྒྱུས་ཀྱང་འཁོད་ཡོད། གཞན་ཡང་ལོ་རྒྱུས་སྨྲ་བ་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩོམས་པའི༼ཕྱི་ལོར་༢༠༠༢ མི་རིགས་དཔེ་སྐྲུན་ཁང་གིས་དཔེར་བསྐྲུན་ཞུས་པའི། བོད་ཀྱི་བོན་དགོན་ཁག་༼༨༦༽ཙམ་གྱི་ལོ་རྒྱུས་ཁ་གསལ་སྙིང་བསྡུས་འཁོད་འདུག གུས་པའི་འདི་ཞེས་མཐའ་གཅིག་ཏུ་མ་ངེས་ཀྱང་རོབ་རྩིས་ཀྱི་དཔྱད་གཞི་ཙམ་དུ་བཀོད་པའོ། །

༢༽ གཡུང་དྲུང་བོན་གྱི་གྲྭ་བཙུན་གྲངས་འབོར་གླེང་བ།

གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་མཇུག་མ་སྒྲིལ་གྱི་བར་སྲིད་དབང་བསྐྱངས་རིང་བོན་གྱི་གྲྭ་བཙུན་གྲངས་འབོར་འདི་ཞེས་མཐའ་གཅིག་ཏུ་བརྗོད་པ་དཀའ་ནའང་གཞི་བྱེས་གཉིས་སུ་ཡོད་པའི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་བཅས་ལ་བསམ་གཞིག་བྱས་ཚེ་བརྒྱ་ཆའི་དབང་དུ་བྱས་ན་གཉིས་པ་མིན་རུང་གསུམ་པར་ཚོད་དཔག་བྱེད་འོས་སྙམ། གང་ཡིན་ཟེར་ན་དེ་ནི་བོད་ཡུལ་དུ་ལེགས་པར་རྟགས་ན་རྫོང་དང་ཁུལ་སོ་སོའི་ཁོངས་སུ་བོན་གྱི་དགོན་སྡེ་མེད་ས་ཆེས་དཀོན་ལ། དེང་དུས་ཀྱང་རྫོང་རེ་འགའི་མངའ་འོག་ཡོངས་རྫོགས་བོན་པོ་ཡིན་ལ། ལྷག་ཏུ་ལུང་ཁུགས་སོགས་གཞིས་ཆགས་ཀྱི་རིགས་ཕལ་མོ་ཆེ་བོན་པོ་རེད་ཅེས་ཚིག་མཐའ་བཅད་ཀྱང་ཧམ་བཤད་མི་འགྲོ་སྙམ། གཞན་ཡང་འཇིག་རྟེན་གྱི་སྲིད་དབང་གིས་དར་གུད་ལས་བྱུང་བ་ནི་བོན་པོའི་གཞིས་ཆགས་གང་མང་གསར་མར་འགྱུར་ཡོད་ཀྱང་སྔོན་ཆད་བོན་པོ་ཡིན་པ་བདེན་དཔུང་ཡང་ཡོད་ལ། གཞིས་ཆགས་འགའ་རེའི་ཁྱིམ་ཚང་གཅིག་ལ་གྲྭ་རྒྱུན་མི་འདྲ་བ་གཉིས་རེ་འགྲོ་དགོས་པའི་ལམ་སྲོལ་ཡང་རྒྱུན་འཇག་ཏུ་གནས་ཡོད། ཡང་དགོན་སྡེ་དང་གཞིས་ཆགས་དུ་མ་ཞིག་ཤུལ་གྱིས་དར་རྒུད་ཇི་ལྟར་བྱུང་ཡོད་པ་ར་འཕྲོད་ཙམ་ལས་མེད་པར་གྱུར་ཡོད་ལ། འོན་ཀྱང་དེ་དག་ནི་དཔྱད་གཞི་ཞིག་ཏུ་གྱུར་ཡོད་ལ་སྔ་མའི་ལོ་རྒྱུས་སོགས་ནས་ཀྱང་སྣེ་རེ་གསལ་བ་འདི་ལྟར། ཞྭ་སྒབ་པའི་བོད་ཀྱི་སྲིད་རྒྱལ་རབས་ལས་༼རྒྱལ་དབང་མཆོག་ནས་དེའི་ནུབ་གུར་གྱི་ནང་དུ་ངེད་ཀྱི་རྩར་ཞལ་ངོར་མི་སྣར་འགྲོ་མི་དཀའ་བཅུ་དགེ་བསྙེན་དོན་འགྲུབ་ལ་སློབ་སྟོན་དུ། བེ་རི་རྩ་རྒྱུ་ནས་ཆོད་པ་ཅིས་ཀྱང་མཛོད།༽ཅེས་དང༌། ༼མདོ་ཁམས་སྒང་དྲུག་དབང་དུ་བསྡུས། བེ་རི་རྒྱལ་པོ་བྲོས་པའི་མཐའ་ཡང༌།༽ཅེས་པ་ཙམ་གྱིས་ཀྱང་དགོན་སྡེ་དང་སྡེ་བ་རུ་འཇིག་རྐྱེན་མོང་དུ་འཕྲད་ཡོད་པ་ལོ་རྒྱུས་དག་ལས་ངང་གིས་ཤེས་ནུས་ལ།  དེ་བཞིན་གྲྭ་བཙུན་གྱི་གྲངས་འབོར་ལའང་ཆགས་སྒོ་བྱུང་ཡོད་པ་ནི་སྨོས་མ་དགོས་སོ། དེ་ལྟར་བྱུང་ཡང་ལས་འབྲས་བསླུ་མེད་ཡིན་ཕྱིར་དེང་རབས་༼ཕྱི་ལོར་༢༠༡༡༽བོན་གྱི་གྲྭ་བཙུན་གྱི་གྲངས་འབོར་བོད་ཀྱི་ཆོས་ལུགས་ནང་ཚན། གཞི་བྱེས་གཉིས་ལ་ཚོད་དཔག་བྱས་འབྲས་བརྒྱ་ཆ་གསུམ་པ་ལྟ་བུར་ཚོད་འཛིན་བྱེད་ཀྱིན་ཡོད་ཅེས་ཞུ་བར་འོས། །

༣༽ གཡུང་དྲུང་བོན་གྱི་སློབ་གསོ་ལམ་ལུགས་སྐོར་གླེང་བ།

ཕྱི་ལོར་༼༡༦༠༡༧༽གོང་དུ་བྱོན་པའི་སྟོན་པ་གཤེན་རབ་ཀྱི་ཤིང་རྟ་སྲོལ་གྱི་སྒོ་མོ་ཕྱེས་པའི་བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ་མདོ་སྔགས་རྫོགས་གསུམ་བཅས་གཞུང་ལུགས་ཁག་གི་བསྟན་དོན་༼ཚེ་སྔ་ཕྱི། ལས་རྒྱུ་འབས། འབྲས་བུ་རྣམ་མཁྱེན། ལྟ་བ་བཀའ་བཏགས་ཕྱག་བརྒྱ་བཞི། དཀོན་མཆོག་གསུམ། སྐྱབས་ཀྱི་ཡུལ་མཆོག་གནས་བཞི། བདེན་པ་བཞི་དང༌། དོན་དམ་བདེན་པ། ཀུན་རྫོབ་བདེན་པ། ས་བཅུ་ལམ་ལྔ༌། ཕར་ཕྱིན་བཅུ། བསླབ་པ་རྣམ་པ་གསུམ། གཞི་རང་འབྱུང་ཡེ་ཤེས། བསྐྱེད་རིམ་དང་རྫོགས་རིམ། གཞི་ཇི་བཞིན་ཉིད་ཀྱི་སྐྱེས་མཆེད། ཀ་དག་དང་ལྷུན་གྲུབ། ཁྲེགས་གཅོད་དང་ཐོད་བརྒལ།༽བཅས་གཙོ་བོར་བཟུང་ནས་དགོན་སྡེ་ཁག་སོ་སོར་ནས་ཀྱང་གྲྭ་བཙུན་ཙམ་དུ་མ་ཚད་པའི་འགྲོ་བ་སུ་དང་སུ་ཡུན་རུང༌། ཕྱིའི་སྤྱོད་ལམ་བཟང་པོ་ངང་དགེ་སྒྲུབ་སྡིག་སྤོང་བྱེད་ཐབས་ཀྱི་༼སྟོན་པའི་གསུངས་པའི་གཞུང་ལུགས་རྣམས་དང་མཐུན་པར།༽གལ་ཆེ་བའི་སློབ་གསོ་དང༌། སློབ་གསོ་གཅིག་པུ་ཙམ་མ་ཡིན་པར་ཤེས་བྱའི་གཤིས་ཀྱི་གནད་ཤེས་པའི་ཕྱིར་སོགས་སྤོང་བླང་གི་རྣམ་བཞག་ས་ལམ་དང་ཕར་ཕྱིན་གྱི་གཞུང་བཅས་ལ་ཐོས་བསམ་འཆད་ཉིན་དང་ཉམས་ལེན་བྱེད་པའི་ལམ་ལུགས་དང་མདོར་ན་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་གནང་བའི་ལུགས་སྲོལ་སྔར་རྒྱུན་བཞིན་བརྩོན་པ་རྒྱུན་འཁྱུང་ཡོང་བའི་སློབ་གསོ་གནང་དང་གནང་མུས་མ་ཟད། གཞན་ཡང་དེང་རབས་སྤྱི་ཚོགས་འདིར་མཁོ་ཆེ་བའི་རིག་པའི་གནས་ཆེ་ཆུང་བཅུ་དང༌། ཚན་རིག་གི་གནས་ལའང་སྦྱོང་བརྩོན་གནང་བའི་ལུགས་བཟང་དར་ཡོད་ལ། འདོར་ན་སྤྱི་ཚོགས་འདིར་ཆགས་སྡོང་རྨོངས་གསུམ་གྱི་འགག་སྒོ་ལས་ཐར་ནས་ཚེ་འདི་ཕྱི་གཉིས་གར་ཞི་བདེའི་དཔལ་ལ་ལོངས་སྤྱོད་ནས་མཐུར་བླ་མེད་ཀྱི་འབྲས་བུར་ཐོབ་པའི་སྔར་ལམ་བཞིན་དུ་ད་དུང་ཡང་ལམ་ལུགས་མ་ཉམས་གོང་འཕེལ་ཡོང་ཕྱིར་ཐབས་ཇུས་དང་སློབ་གསོ་བྱས་དང་བྱེད་མུས་ཡིན་པ་བཅས་འཇུག་བསྡུས་པའོ།། དགེའོ།། མུ་ཙུག་སྨར་རོ།།

སྨྲས་པ།

གཞུང་ས་དགའ་ལྡན་ཕོ་བྲང་ཀུ་མུའི་གཉེན། །

དུས་རབས་གསར་པའི་ལང་ཚོ་བཞད་པའི་དུས། །

ཁྱོད་ཉིད་ནུབ་རིའི་ཕག་ཏུ་ཡིབས་མོད་ཀྱང༌། །

ཁྱོད་གཤིས་འཁང་རའི་ཚིག་གིས་མི་སྨོད་ལ། །

སྟོད་དབྱངས་ཚིག་གི་རྒྱན་ཕྲེང་མི་འོས་ཀྱང༌། །

དངོས་བྱུང་ལོ་རྒྱུས་དག་ལས་ཆུ་ཐིགས་ཙམ། །

གུས་པས་སྐབས་འདིར་གླེང་ཁུལ་བྱ་བ་འདི། །

མཐའ་མཇུག་སྐྱེལ་མ་ཞིག་གི་འོས་སྐལ་དུ། །

ལམ་རྒྱགས་ཉིན་མར་ཞིག་གི་ཚབ་དུ་བྲིས། །

 
 
Re:གཞུང་ས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ།
[ 2012/4/27 19:03:51 | By: སྐུ་མགྲོན་vaq1TH(སྐུ་མགྲོན) ]
 
སྐུ་མགྲོན་vaq1TH(སྐུ་མགྲོན)གྲོགས་པོ་བྲག་ཚེ་དབང་ལགས་འདིར་གོང་དབྱིན་ཡིག་གང་བྱུང་ཚིག་ཕྲེང་དེ་མཆན་བུ་འཇོག་སྟངས་དཔྱད་སྐབས་ལག་གཉིས་ཀྱིས་བར་ནས་ཤོར་སོང་བས་དགོངས་འགལ་མེད་པར་མཁྱེན་མཁྱེན་ཞུ།
གཤམ་དུ་བྲག་མགོ་ཚེ་དབང་།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་འདིར་ཕེབས་པར་དགའ་བསུ་ཞུ། ཧ་གོ་སོང་།
 
 
Re:གཞུང་ས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ།
[ 2012/4/27 14:16:29 | By: kjkdskfk(སྐུ་མགྲོན) ]
 
kjkdskfk(སྐུ་མགྲོན)bhhfjfijjfjfhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhhh
 
 
Re:གཞུང་ས་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ།
[ 2012/4/27 14:11:46 | By: tashi(སྐུ་མགྲོན) ]
 
tashi(སྐུ་མགྲོན)tashi
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.