སྟོན་པ་གཤེན་རབ་ཀྱི་སྐུ་སྐྱེ་སྔོན་རབས་སུ་
ས་ལམ་རྫོགས་པའི་ཚུལ།
དེ་རྗེས་མི་རྣམས་ཚེ་ལོ་ཉིས་ཁྲི་ཐུབ་པའི་དུས་སུ་འབྲི་སྣ་དགུ་ལ་ལོངས་སྤྱོད་ཅིང་།
ནུབ་མོ་བཏབ་ཀྱང་ཞོགས་པར་སྨན་པའི་འཚོ་ཐབས་ལ་རོལ་བའི་དུས་ཤིག་ན་མི་རྣམས་དྲན་རིག་རྒོད་དུ་ཕྱིན། གཡོ་ཐབས་ལ་མཁས་ནས་ཞོགས་ཟས་ནུབ་ཏུ་ལེན།
གསོག་འཇོག་དབང་གྱུར་ཆགས་ཞེན་ཉོན་མོངས་ཀྱི་འདབ་ལོ་ཆེ་རུ་རྒྱས། འབྲུ་སྣའི་ས་བོན་སྔར་བཞིན་ནུབ་ཏུ་བཏབ་ཀྱང་ཞོགས་པར་མ་སྨིན་པར་ཟླ་བ་དྲུག་རྗེས་སུ་གཞི་ནས་གྲ་ཕབ་དང་བཅས་པ་སྨིན་ཙམ་བྱུང་བའི་དུས་སུ་ཐུག ལས་ནི་བཟང་ངན་སྣ་དགུ་སྤྱད་པས། མི་རྣམས་སྔ་དྲོ་སྟོང་ཡང་ཕྱི་དྲོ་རིམ་གྱིས་གང་ཞིང་སྡུག་བསྔལ་དང་མི་དགེའི་ལས་འཕེལ་བའི་དུས། ལྷ་གཤེན་སྲིད་པའི་ཐུགས་ཀྱི་སྤྲུལ་པ་སྟོན་པ་བྱམས་པ་ཐམས་ཅད་མཁྱེན་གཟིགས་བྱོན་ཏེ། བོན་ཐུགས་རྗེ་ཀློང་འབུམ་གསུངས་ཤིང་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། གསས་མཁར་ལྷུན་གྲུབ་བརྩེགས་པ་བཞེངས། བདུད་ཁུ་དུག་ནག་པོ་བཏུལ། དེའི་དུས་སྟོན་པ་གཤེན་རབ་ནི་རྗེའུ་རིགས་བློ་གྲོས་བྱ་བ་ཡིན་པས། སྟོན་པ་ཐམས་ཅད་མཁྱེན་གཟིགས་ལ་འབྲུ་ཡི་ཕུང་པོ་མཆོད་པ་ཕུལ་ཞིང་། མདོར་ན་མཆོད་སྦྱིན་རྒྱ་ཆེར་བྱས་པའི་མཐར་ཏིང་འཛིན་དང་བློ་རྩལ་རབ་ཏུ་གསལ་ཞིང་བོན་ཉིད་མངོན་དུ་མཐོང་བའི་ལམ་ཐོབ། ས་ལྔ་པ་འགྱུར་མེད་བསམ་གཏན་རྒྱུད་ལ་སྨིན། དུས་དེར་སྟོན་པ་ཐམས་ཅད་མཁྱེན་གཟིགས་ནས། ‘‘ཀྱེ་མ་རྗེའུ་རིགས་བློ་གྲོས་ལྡན། ཁྱེད་ནི་ཚེ་ལོ་བརྒྱ་པའི་དུས། མི་མཇེད་འཇིག་རྟེན་འཛམ་གླིང་གི ནུབ་ཕྱོགས་འོལ་མོའི་གླིང་བྱ་བར། གསས་མཁར་ཤམ་པོ་ལྷ་རྩེའི་མདུན། མཁར་ནི་བར་པོ་སོ་བརྒྱད་དུ། བདེར་གཤེགས་ཐམས་ཅད་མཁྱེན་པ་ཡི། སྟོན་པ་གཤེན་རབ་མི་བོ་འབྱུང་། འགྲོ་བའི་འདྲེན་སྟོན་མཛད་པར་ངེས།”
ཞེས་ལུང་བསྟན། རྗེའུ་རིགས་བློ་གྲོས་བྱ་བ་ནི་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་སྟོན་པ་གཤེན་རབ་མི་བོའི་སྐྱེས་རབས་སྔོན་མ་བོན་ཉིད་མངོན་དུ་མཐོང་བའི་ལམ་ཐོབ་པའི་རྟེན་ཅན་གྱི་སྐྱེས་བུ་རུ་ངོས་འཛིན་དགོས་ཤིང་། དེ་ཉིད་མ་འོངས་བརྒྱ་པའི་དུས་སུ་འགྲོ་བ་འདྲེན་པའི་སྟོན་པ་འོངས་པར་ལུང་བསྟན་པ་ཡིན་ནོ། །
མི་རྣམས་ཚེ་ལོ་ཁྲི་ཐུབ་པའི་དུས་སུ་ཡབ་ཁྲི་རྗེ་ཐང་པོ་དང་ཡུམ་གསས་གཟའ་ལྷ་བཙུན་གཉིས་ལ་སྲས་སྟོན་པ་ཁྲི་རྒྱལ་ཁུག་པ་འཁྲུངས། སྟོན་པ་ཁྲི་རྒྱལ་ཁུག་པས་བོན་རིག་པའི་ཀློང་འབུམ་གསུངས། གསས་མཁར་རང་བཞིན་ལྷུན་གྱིས་གྲུབ་པའི་གཡུང་དྲུང་རིན་ཆེན་ལྷ་ཁང་བཞེངས་ཤིང།
བདུད་མ་ཏྲང་རུ་རིང་བཏུལ། གཞན་ཡང་བདུད་བགེགས་དབང་དུ་བསྡུས།
དེ་དུས་སྟོན་པ་གཤེན་རབ་ནི་སུམ་ཅུ་རྩ་གསུམ་ལྷ་གནས་སུ་ཡབ་ཇོ་བོ་ཡེ་ཤེས་རླུང་འདབ་ཅན་དང་ཡུམ་ལྷ་མོ་མདངས་ལྡན་མ་གཉིས་ཀྱི་སྲས་དྲི་མེད་ཤེལ་གྱི་གཙུག་ཕུད་ཅན་བྱ་བ་དེ་ཉིད་ཡིན།
དྲི་མེད་ཤེལ་གྱི་གཙུག་ཕུད་ཅན་དེ་ཉིད་ཀྱིས་སྟོན་པ་ཁྲི་རྒྱལ་ཁུག་པ་ལ་རིན་ཆེན་སྣ་བརྒྱད་མཆོད་པར་ཕུལ་བས། མཐོང་ལམ་གཡུང་དྲུང་ཡན་ལག་གི་རྟོགས་པ་རྫོགས། སྒོམ་པའི་ལམ་རྒྱུད་ལ་ཐོབ་ཅིང་ས་ཆེན་དྲུག་པ་བདེ་ལྡན་ཐོབ་པས། རྟེན་དེར་ཉོན་མོངས་ཀྱི་སྒྲིབ་པ་བྲལ་ཡང་ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་བག་ཙམ་ཡོད་པ་ཡིན་ཏེ། ཉི་སྒྲོན་ལས། “བདག་ཀྱང་སེམས་ཅན་དོན་ལ་མོས་པ་སྟེ།
ཕྱིར་མི་ལྡོག་པའི་ས་ནོན། ཉོན་མོངས་སྒྲིབ་པ་ཆ་བྱང་ཡང་། ཤེས་བྱའི་སྒྲིབ་པ་བག་ལ་ཆགས།” ཞེས་ལུང་ཚད་མས་གྲུབ་པའི་ཕྱིར་རོ། །
ཡང་མི་རྣམས་ཚེ་སྟོང་ཐོབ་པའི་དུས་སུ་ཡབ་གཏོ་ཅང་ཤེས་འཕྲུལ་གྱི་རྒྱལ་པོ་དང་།
ཡུམ་ཡེ་ལྕམ་ཀུན་གྲགས་མ་གཉིས་ལ་སྲས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་འཁྲུངས། དེའི་དུས་སུ་གཤེན་རབ་མི་བོ་ནི་ལྷ་གསས་གཏོ་བུ་བློ་གསལ་བྱ་བའི་སྐྱེ་བ་ཡིན། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ལ་རིན་ཆེན་གཏེར་གྱི་བུམ་པ་ཕུལ་བས་ཏིང་འཛིན་གསལ་ཞིང། གཤེན་རབ་ཀྱི་ཡན་ལག་བརྒྱད་རྫོགས། ས་བདུན་པ་མ་ཆགས་དག་པའི་ས་ཐོབ། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་སྐུ་ཡེ་བསྟན་པའི་དཀྱིལ་ལམ། མི་རྣམས་ཚེ་ལོ་བརྒྱ་ཐུབ་པའི་དུས་ཏེ་རྒྱལ་པོ་བཅུ་གསུམ་གྱི་མངའ་མཛད་པའི་དུས་སུ་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཛད། གསས་མཁར་སུམ་བརྒྱ་དྲུག་ཅུ་བཞེངས།
བོན་གྱི་དགོངས་པ་རྒྱ་ཆེར་སྤྲོས་པའི་དུས་སུ་ལྷ་གསས་གཏོ་བུ་བློ་གསལ་གྱིས་བདག་ནི་མ་འོངས་ཚེ་ལོ་བརྒྱ་པའི་སྟོན་པར་འགྲོ་དགོས་ཤིང་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་མདུན་ནས་བོན་ལུང་ནོད་དགོས་པར་དགོངས་ཏེ་ཚེ་འཕོས་རྗེས་བར་ལྷ་འོད་གསལ་གྱི་གནས་སུ་གཤེགས། །
དེ་ནས་གཤེན་ལྷ་འོད་དཀར་གྱི་སྤྲུལ་པ་ཡབ་ཇོ་བོ་ཡེ་ཤེས་རླུང་འདབ་ཅན་དང་ཡུམ་ལྷ་མོ་ཐུགས་རྗེ་མཁའ་ཡངས་གཉིས་ཀྱི་སྲས་སུ་སྤྲུལ་པ་ཁྲི་ནམ་ཏིང་ཞེས་པ་དེའི་གསུང་གི་སྤྲུལ་པ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་ཡུམ་བཟང་བཟའ་མཚོ་འགྲམ་དུ་གཟིམས་པའི་ཕྲག་པ་གཡས་པར་བབས་ནས་ལྷུམས་སུ་ཞུགས། ཡུམ་བཟང་བཟའ་ལ་དངོས་སུ་བཤོས་པ་མ་བྱུང་ཡང་། ཐུགས་ཉིད་ཀྱི་ཀློང་དུ་རྨི་ལམ་ཙམ་བྱུང་། ཕྱི་ལོར་ཡུམ་གྱི་སྐུ་ལས་སྲས་ཤིག་བལྟམས་པ་ལ།
ཡུམ་གྱི་སྲས་འདི་ངོ་མཚར་ལྡན་པ་ཞིག་སྣང་ཡང་། ཡབ་ཀྱི་ས་བོན་མེད་པའི་ཁྱེའུ་འདི་གདན་དྲངས་པར་མ་མོས་ཏེ་མཚོ་འགྲམ་དུ་བྱེ་མ་བྲུས་ནས་ནང་བཞག་པ་ཡང་ཉི་སྒྲོན་ལས། “གཏོ་བུ་བློ་གསལ་ཡིད་གཟུགས་ཏེ། ཐུགས་རྗེ་སྤྲུལ་པས་ཡབ་ཡུམ་ལྷུམས་སུ་ཞུགས། ཕྱིས་དེ་ལོ་ཡི་དུས་ཙམ་ན། ཡུམ་གྱི་སྐུ་ལས་མཚན་ལྡན་པའི། སྲས་བལྟམས་ཡུམ་གྱི་ཐུགས་ལམ་ན། སྟེང་ན་སྟངས་མེད་ལུས་ལས་བུ་སྐྱེས་པ། ས་བོན་མེད་པའི་མྱུ་གུ་ཁྱོད། གཡའ་ཁངས་བསིལ་ཡབ་གནས་སུ་སྡོད།” ཅེས་གསུངས་པས་ངེས་ལ།
དེ་རྗེས་ཞགས་དགུ་ལོན་པའི་དུས་སྟེང་འོག་ཕྱོགས་བཅུ་ཀུན་གསལ་བའི་འོད་ཟེར་ཁ
དོག་སྣ་ལྔ་འཕྲོས་པས། ཡུམ་བཟང་བཟའ་མཚོ་འགྲམ་དུ་སྲས་ལ་བལྟ་རུ་བྱོན་པར་སྲས་ཀྱིས་ཡུམ་ངོ་ཤེས་ཏེ་ཞལ་མདངས་གསལ་ལེར་བཞུགས། འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། སྐུ་ནི་མདུན་རྒྱབ་སྒྲིབ་གཡོག་མེད་པ་འོད་ཀྱི་སྐུ་སྟེ་ཡོན་ཏན་བསམ་ལས་འདས་པ་རྫོགས་ཤིང་། ངག་ནས་བྱེ་བ་དྲུག་འབུམ་གྱི་གཟུངས་འདོན་པ་སོགས་ལ་བརྟེན་ནས་ཡུམ་གྱིས་དབྱིངས་དང་ཡེ་ཤེས་ཏེ་ཐབས་ཤེས་རོལ་པའི་སྲས་ཡིན་པར་དགོངས་ནས་མཚན་ཡང་འཆི་མེད་གཙུག་ཕུད་ཅེས་སུ་གསོལ། སྲས་འཆི་མེད་གཙུག་ཕུད་ཀྱི་ཡུམ་ལ་དགོངས་པ་ཞུས་ཏེ་འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེར་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་དྲུང་དུ་ཕྱིན། དངོས་མེད་སེམས་ཀྱི་ཀློང་དི་དྲན་རིག་སྣ་ཚོགས་གསལ་བའི་མཆོད་པ་ཆགས་མེད་བདེ་བའི་ཀློང་དུ་གཉིས་མེད་རང་གྲོལ་དུ་ཕུལ་ཏེ། ཁམས་གསུམ་འགྲོ་བ་སེམས་ཅན་གྱི་དོན་དུ་ཐུགས་ཉིད་གཏེར་ཆེན་ཟབ་མོའི་སྒོ་ཕྱེ་ནས་མན་ངག་ཟབ་མོ་གཡུང་དྲུང་གི་བོན་རིན་པོ་ཆེ་གསུངས་པར་འཚལ་ཞེས་ཞུས་པས། གཤེན་ལྷ་འོད་དཀར་གྱིས་ཀྱང་བོན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། རྒྱུད་ལུང་ངན་ངག་གསུམ། ཕྱི་ནང་གསང་བ་གསུམ་དུ་གཏན་ལ་ཕབ། བདེན་གཉིས་དོ་མཉམ་གྱི་དོན་བསྟན། ཚད་གསུམ་ཟུང་འབྲེལ་དུ་གོ་སྙོམས་པ་སོགས་བོན་རིན་པོ་ཆེ་རྒྱ་ཆེར་གསུངས་པས། འཆི་མེད་གཙུག་ཕུད་ཀྱི་ཤེས་རབ་རྒྱས་ཏེ་ས་བརྒྱད་པ་མི་གཡོ་བའི་ས་དང་དགུ་པ་ལེགས་པའི་བློ་ཀྱི་ས་བཅས་རིམ་གྱིས་ཐོབ་པའོ། །
སྟོན་པ་འཆི་མེད་གཙུག་ཕུད་དེ་ཉིད་སླར་ཡང་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ཏེ་རྩ་གསུམ་དུ་ཕྱིན་ནས་གཡུང་དྲུང་བོན་གྱི་མཛད་བྱང་རྣམས་ལྷོ་འཛམ་བུ་གླིང་དུ་འཇོག་པར་དགོངས་ཏེ་གནས་རི་རབ་ཆེན་པོའི་ཁ་འཁྱེར་ཤིང་ཡོངས་རྡོལ་གྱི་རྩེར་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་གསང་སྔགས་གསང་བའི་དོན་རྣམས་བཤད། རྡོ་ཨར་མོ་ལི་ཀའི་སྟེང་དུ་བབས་ནས་བསྙེན་སྒྲུབ་རྩ་བའི་རྒྱུད་རྣམས་བཤད། མེ་ཏོག་ཨུ་དུམ་འབར་བའི་རྩེ་ལ་བབས་ནས་ཕ་རོལ་དུ་ཕྱིན་པའི་བོན་སྡེ་རྣམས་བཤད། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་ན་ཤེལ་གྱི་རྡོ་རིང་གི་ཁ་ལ་བབས་ནས་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་བཤད། འོལ་མོ་ལུང་རིང་གི་མཁར་བར་པོ་སོ་བརྒྱད། རི་གཡུང་དྲུང་དགུ་བརྩེགས། གསས་མཁར་ཤམ་པོ་ལྷ་རྩེ་ལ་སོགས་གནས་ཆེན་རྣམས་སུ་ཐེག་པ་མདོ་གཟུངས་ལ་སོགས་རྒྱས་པར་བཤད་ཅེས་གསུངས་སོ། རི་རབ་ཆེན་པོའི་དབུས་མེ་ཏོག་མཛེས་པའི་གླིང་དུ་ལྷ་ཀླུ་མི་གསུམ་ལ་བོན་སྤྱི་དང་རང་གི་མཚན་ཉིད་ལ་སོགས་རྒྱས་པར་གསུངས་ཏེ་འོག་མིན་དབྱིངས་ཀྱི་ཕོ་བྲང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་མདུན་དུ་བོན་གསན་པར་བྱིན་ནོ། །
དེ་དུས་སྟོན་པ་གཏོ་རྒྱལ་གྱིས། ངས་ནི་འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ་འགྲོ་དོན་རྒྱ་ཆེར་མཛད་ཟིན་པས། ད་ནི་ཚེ་ལོ་བརྒྱ་པའི་བསྟན་པ་ལས་ང་ཡི་བསྟན་པའི་འགྲོ་དོན་རྫོགས་ནས་ང་ནི་མྱ་ངན་ལས་འདས་ཚུལ་བསྟན་དུ་འོངས་པ་ཡིན་པས། གསལ་བ་འཆི་མེད་གཙུག་ཕུད་ཉིད་ལྷོ་འཛམ་བུ་གླིང་དུ་འགྲོ་བ་འདྲེན་པའི་སྟོན་པར་འབྱོན་པའི་དུས་ལ་འབབས་པ་ཡིན་པར་གསུངས་ཏེ། ཉི་སྒྲོན་ལས། “གསལ་བ་འཆི་མེད་གཙུག་ཕུད་ཁྱོད། ཐམས་ཅད་མཁྱེན་གཟིགས་ལུང་བསྟན་དགོངས།
གཟིགས་དགོངས་རྣམ་ལྔ་ཐུགས་ལས་བྱུང་།
འཛམ་གླིང་སྟོན་པ་ཤེས་པར་མཛོད།” ཅེས་སོགས་ཀྱི་གྲུབ་པས་སོ། །
མཐར་སྟོན་པ་འཆི་མེད་གཙུད་ཕུད་མཆོག་བར་ལྷ་འོད་གསལ་གྱི་གནས་སུ་ཤེས་བྱའི་སྒྲིབ་པ་ཀུན་སྦྱངས་ནས་མངོན་པར་སངས་རྒྱས་པ་ཡིན་ཏེ། གསེར་གྱི་རུས་སྦལ་ལས། “འོད་གསལ་གནས་སུ་ཤེས་བྱའི་སྒྲིབ་པ་སྦྱང།” ཞེས་དང་། ཉི་སྒྲོན་ལས། “བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། ས་བཅུ་ཤེས་བྱའི་སྒྲིབ་པ་སྦྱང་། ཡེ་ཤེས་ཚོགས་ཀྱི་ཕ རོལ་ཕྱིན། ས་བཅུ་གཡུང་དྲུང་སེམས་དཔའ་ཁྱོད། སྐྱེ་བ་གཅིག་ལས་མི་ཐོགས་ཏེ། འོད་ཀྱི་ལྷ་རི་སྤོ་མཐོན་དུ། གཤེན་རབ་མི་བོ་མངོན་སངས་རྒྱས།”
ཞེས་གསུངས་པ་བཞིན་སྒོམ་ལམ་ས་བཅུ་ལས་བོན་ཉིད་སྤྲིན་གྱི་ས་གནས་ཞེས་སོགས་ས་བཅུ་ལམ་ལྔ་བགྲོད་སྟེ། མཐར་འཆི་མེད་གཙུག་ཕུད་ཀྱི་ལུས་རྟེན་སྟེང་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསྟན་པ་ཡིན་ནོ། །
མཐར་གླེང་བར་བྱ་བ་ནི་སྤྱིར་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་སྐུའི་སྐྱེས་རབས་དང་ས་ལམ་བགྲོད་ཚུལ་སོགས་ལ་མཁས་པ་གོང་འོག་གི་བཞེད་ཚུལ་མི་འདྲ་བ་དུ་མ་ཞིག་མཆིས་མོད་ཀྱང་། ཁོ་བོས་འདིར་ཁ་གསལ་གོ་བདེའི་ཚུལ་དུ་རྩ་རྒྱུད་ཉི་ཟེར་སྒྲོན་མར་གཞི་བཅོལ་ཏེ་རང་མཉམ་ལོ་རྒྱུས་སྨྲ་བ་རྣམས་ལ་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་ཡིན་ནོ།། །། ཐ ཚན་མུ་ཙུག་སྨར་རོ།། །།