ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མཛད་འཕྲིན་ནོར་བུའི་དོ་ཤལ།
[ 2012/3/29 10:16:00 | By: བྲག་མགོ་ཚེ་དབང་། ]
 
མཛད་འཕྲིན་ནོར་བུའི་དོ་ཤལ།

༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་དགུང་སྟོན་ལ་ཕུལ་བའི་ཤིས་ཚིག

༼དཔོན་གསས་མཆོད་པའི་གཤེན་དབྱངས་ལས་དྲངས།༽

ཡེ་ནས་ཀ་དག་སྤྲོས་བྲལ་བོན་ཀྱི་སྐུ། 

རོལ་རྩལ་འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ། །

གཞན་དོན་གང་འདུལ་དེར་སྟོན་སྤྲུལ་པའི་སྐུ། །

སྐུ་གསུམ་ངོ་བོ་ཀུན་འདུས་༸སྨན་རི་བ། །

 

ཕྱོགས་བཅུའི་སངས་རྒྱས་སྟོང་གི་མཁྱེན་བརྩེའི་སྟོབས། །

མ་ལུས་གཅིག་ཏུ་བསྡུས་པའི་ཉིན་མོ་བྱེད། །

སྙིགས་མའི་དུས་འདིར་འགྲོ་བའི་མགོན་དུ་ཤར། །

མི་ནུབ་རྟག་ཏུ་བཞུགས་པར་གསོལ་བ་འདེབས། །

 

མ་རིག་བདུད་དཔུང་འཇོམས་ནས་མྱང་འདས་ཀྱི། །

ས་ལམ་ཐེམ་སྐས་རིམ་པར་བསྒྲོད་ཟིན་ཡང་། །

ཚད་མེད་སྙིང་རྗེ་ཆེན་པོས་རབ་བསྐུལ་ཏེ། །

གོ་ལའི་སྒང་འདིར་རྒྱལ་བའི་སྲས་སུ་སྤྲུལ། །

 

སྔོན་བྱོན་དམ་པ་གོང་མའི་མཛད་སྤྱོད་བཞིན། །

ཁྱིམ་སྤངས་རབ་བྱུང་རྣལ་མའི་ཚུལ་བཟུང་ནས། །

རིས་མེད་གྲྭ་སར་བརྒྱུད་དེ་གཞུང་ལུགས་ཁྱོན། །

གཏིང་དཔག་ངང་གིས་གཅོད་པའི་མཁའ་ལྡིང་རྒྱལ། །

 

ང་དགུ་དུས་ཀྱི་འགྱུར་ཁུགས་མེ་ཁྱིའི་ལོར། །

སངས་རྒྱས་བསྟན་དང་འགྲོ་བའི་དོན་དགོངས་ཏེ། །

ཞབས་སོར་པད་མོའི་འཁོར་ལོ་ལྷོ་རུ་བསྒྱུར། །

ངལ་མེད་གཞན་དོན་མཛད་པའི་འཕྲིན་ལས་ཅན། །

 

ལོན་ཌོན་མཐོ་སློབ་གཙུག་ལག་སློབ་གླིང་དུ། །

སྐལ་བཟང་ལས་ཀྱིས་འཛོམས་པའི་རྐང་དྲུག་ཚོར། །

བཅུ་ཕྲག་རིག་པའི་གདམས་ངག་སྦྲང་རྩི་ཡིས། །

སྐོམ་པའི་གདུང་བ་སེལ་མཁན་སྨན་རི་བ། །

 

གངས་ཅན་ལྷ་སྐལ་སྤྱིན་རས་གཟིགས་དབང་གིས། །

བྱེས་འབྱོར་གཞོན་ནུའི་སློབ་གླིང་གསར་དུ་བསྐྲུན། །

དུས་དེར་མགོན་ཁྱེད་སློབ་དགེ་སྐར་ཚོགས་དབུས། །

ཟླ་བཞིན་འཕགས་པའི་བྱམས་བརྩེའི་གོང་བུའི་དཔལ། །

 

དབྱིན་བོད་ཟབ་སྦྱོང་འཛིན་རིམ་གསར་བཙུཊ་སྐབས། །

བློ་གསལ་རིག་པའི་འབྲས་བུ་གཡུར་ཟའི་དུས། །

ཀླད་རྙིང་ཕྲག་དོག་སད་སེར་ལྡང་བའི་མོད། །

ཉིན་བྱེད་ཁྱེད་ཀྱང་ནོར་ཝེའི་གླིང་དུ་བཞུད། །

 

འཕགས་ཡུལ་བོན་གཞིས་ཐོབ་རྒྱལ་གསར་པ་རུ། །

གཡུང་གླིང་མཁན་ཆེན་དམ་པ་ལ་སོགས་པས། །

རབ་འབྱམས་མཚན་རིལ་གསེར་བུམ་བཅུད་དུ་བཀོད། །

རྩ་གསུམ་བོན་སྐྱོང་ཚོགས་ཀྱི་བསྙེན་སྒྲུབ་བཙུགས། །

 

གཞིས་བྱེས་བོན་འབངས་ཡོངས་ཀྱི་མགོན་པོ་རུ། །

དཀྱིལ་འཁོར་གསེར་བུམ་དཀྲུགས་པའི་མགུལ་རྒྱུན་དུ། །

ངོ་མཚར་དགེ་བའི་མཚན་རྟགས་དཔལ་འབར་ཞིང་། །
ལྷང་ངེར་བཞེངས་པའི་སྐྱབས་རྗེ་སྨན་རི་བ། །

 

གཟའ་སྐར་འཕྲོད་སྦྱོར་བཟང་པོའི་སྐལ་བཟང་ཉིན། །

འཇིགས་བྲལ་གཅན་ལྔས་བཏེགས་པའི་ཁྲི་འཕང་དུ། །

ཞབས་སོར་བཀོད་པའི་སྙན་འཇེབས་དབྱར་རྔའི་སྒྲ། །

འཛིན་མའི་ཁྱོན་འདིར་ཁྱབ་པས་དད་གསུམ་འཁྲུངས། །

 

བཀོད་ལེགས་ལྟ་ན་སྡུག་པའི་གཙུག་ལག་ཁང་། །

གསར་དུ་བསྐྲུན་ཞིང་བོན་བསྟན་གསལ་བྱེད་དུ། །

བཤད་སྒྲུབ་འདུས་སྡེ་རཌྞ་སྨན་གླིང་སོགས། །

འཛུགས་སྐྲུན་མཁན་པོ་རྟག་ཏུ་བརྟན་བཞུགས་གསོལ། །

 

རྡུལ་བརྩེགས་གོ་ལ་ཟླུམ་པོའི་ཡང་རྩེ་ནས། །

གཤེན་བསྟན་མེ་རོ་སྤར་བའི་བསང་དུད་ཀྱི། །

དྲི་ཞིམ་ཕྱོགས་བཅུར་ཁྱབ་མཛད་སྨན་རི་བའི། །

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །

ཅེས་པ་འདི་ནི་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བསྟན་པ་དང་འགྲོ་བའི་དོན་དུ་སྐུའི་བཀོད་པ་མིར་བཞེས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགུང་སྟོན་ལ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བའོ།།  །།   ཐ་ཚན་མུ་ཙུག་སྨར་རོ།། །།

 
 
Re:མཛད་འཕྲིན་ནོར་བུའི་དོ་ཤལ།
[ 2012/3/31 1:27:47 | By: bontsewang(སྐུ་མགྲོན) ]
 
bontsewang(སྐུ་མགྲོན)གྲོགས་པོ་ཚོ་འདིར་ཕེབས་ནས་བཀླགས་འདེམས་གནང་བར་དགའ་བསུ་ཡང་ཡང་ཞུ།
 
 
Re:མཛད་འཕྲིན་ནོར་བུའི་དོ་ཤལ།
[ 2012/3/30 17:06:20 | By: danzengyixi ]
 
danzengyixiབཀླགས་ཟིན། མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མཛད་ཕྲིན་ས་གསུམ་ཁྱབ་པར་སྨོན།
ལྷ་གཡག་དར་མས།
 
 
Re:མཛད་འཕྲིན་ནོར་བུའི་དོ་ཤལ།
[ 2012/3/30 9:35:16 | By: cho phul(སྐུ་མགྲོན) ]
 
cho phul(སྐུ་མགྲོན)གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་མཚན་སྨོས་ན་ལེགས་པར་སྙོམ།
 
 
Re:མཛད་འཕྲིན་ནོར་བུའི་དོ་ཤལ།
[ 2012/3/29 16:34:37 | By: སྐུ་མགྲོན་INdp2T(སྐུ་མགྲོན) ]
 
སྐུ་མགྲོན་INdp2T(སྐུ་མགྲོན)very good!
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.