༧དཔལ་ལྡན་བླ་མའི་དགུང་སྟོན་ལ་ཕུལ་བའི་བརྟན་བཞུགས་
དད་པའི་གསོལ་འདེབས།
འཇ༵མ་པའི་དབྱ༵ངས་ཀྱི་རྣམ་རོལ་མི་ཡི་གར།།
མཁྱེ༵ན་བརྩེ་ར༵བ་གསལ་བཅོ་ལྔའི་དུང་ཟླ་དཔལ།།
རྣམ་དཀར་རྒྱ༵་མཚོ༵་འཕེལ་ལ་མངོན་འཆར་བས།།
བདག་ཡིད་སྟེང་འཐུང་དཀར་པོ་ཅིས་མི་འཛུམ།།
རྣམ་དག་གཙང་མའི་ཁྲིམས་ལ་རབ་བཙུན་པས།།
འདུལ་འཛིན་སྐར་ཚོགས་དབུས་སུ་སྟོན་ཟླ་བཞིན།།
མངོན་པར་འཕགས་པས་ཁྲི་གཙུག་རྒྱལ་བ་ཡི།།
མཚན་གྱི་ཅོད་པཎ་བཞེས་ལ་རྟག་འཆར་ཤོག།
མ་རིག་བདུད་ལྔ་བཅོམ་པའི་ཤེས་རབ་གསལ།།
ཐར་པའི་སྐས་གདང་འཛེག་པའི་ཐབས་ལམ་མྱུར།།
རིགས་དྲུག་གཡང་ལས་སྐྱོབ་པའི་ཐུགས་བརྩེ་ཟབ།།
མགོན་ཁྱེད་གཞན་དོན་མཛད་ལ་བརྟན་བཞུགས་གསོལ།།
ལྟ༵་བ་མཐའ་བཞི་རྒྱ་གྲོལ་ཡེ་ནས་འབེབས།།
སྒོ༵མ་པ་བསྐྱེད་རྫོགས་ཟུང་འཇུག་ལམ་དང་འབྲེལ།།
སྤྱོ༵ད་པ་མས་འཛེགས་འདུལ་བའི་ལུང་བཞིན་སྤྱོད།།
མདོ་སྔགས་ཟུང་འབྲེལ་རྗེ་བཙུན་བླ་མར་འདུད།།
སྐྱབས་གནས་བདེར་གཤེགས་སྟོང་གི་བྱིན་རླབས་དང་།།
འཁྲུལ་བྲལ་འདུས་པ་རྒྱ་མཚོའི་ཐུགས་བསྐྱེད་དཔལ།།
བོན་སྐྱོང་བསྟན་སྲུང་རྣམས་ཀྱིས་མཐུ་རྩལ་གྱིས།།
འགྱུར་མེད་གཡུང་དྲུང་ཁྲི་ལ་བརྟན་བཞུགས་གསོལ།།
ཅེས་པ་འདི་ནི་༧རྗེ་བཙུན་༧བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གདུལ་བྱ་འཇིག་རྟེན་གྱི་ཁམས་འདིར་བསྟན་འགྲོའི་དོན་དུ་སྐུའི་བཀོད་པ་མིའི་གཟུགས་སུ་སྤྲུལ་ནས་བགྲང་བྱ་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་གྱི་དགུང་སྟོན་ལ་བརྟན་བཞུགས་གསོལ་འདེབས་སུ་ཕུལ་བའོ།། །།