སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་སྐུ་སྐྱེ་སྔོན་རབས་ཚོགས་ལམ་རྫོགས་པའི་ཚུལ་ལ་གླེང་བ།
སྟོན་པ་རྫོགས་པའི་སངས་རྒྱས་ཀུན་ལས་རྣམ་པར་རྒྱལ་བ་སྟོན་པ་གཤེན་རབ་མི་བོ་མཆོག་སྐུ་སྐྱེ་བ་སྔོན་རབས་སུ་ངན་སོང་དང་མཐའ་འཁོབ་མི་ཡི་སྒྲིབ་པ་སྦྱངས་བའི་རྗེས་སུ། དེ་ནས་སྟོན་པ་ ཉིད་སྔར་དད་པ་བཟང་པོས་འཕེན་ཤུགས་ཀྱིས་ཡུལ་གྱི་དབུས་འཛམ་བུ་གླིང་དུ་མི་ལུས་
དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་བྲམ་ཟེའི་རིགས་སུ་འཁྲུངས་སོ། དེ་སྐབས་ནི་མི་རྣམས་ཙེ་ལོ་འབུམ་ཐུབ་པ་སྟེ་བསྐལ་པ་ཡ་ཐོག་གི་དུས་ཡིན་པས་སྟོན་པ་སྣང་བ་རང་འབྱུང་ཐུགས་རྗེ་ཅན་བྱོན་ཏེ། མི་དགེ་བའི་ལས་ཤ་སྟག་ལས་དགེ་བའི་ལས་ཏིལ་འབྲི་ཙམ་ཡང་མི་བྱེད་པའི་སྡིག་ཏོ་ཅན་བདུད་ཡ་བོ་ཞེས་པ་དེ་ཐུགས་རྗེའི་ཐབས་ཀྱིས་བཏུལ་ནས་འགྲོ་བ་ཁ་ལོ་བསྒྱུར།
ཕོ་བྲང་པདྨ་གླིང་ཆེན་བཞེངས། བོན་སྲིད་པའི་གསས་འབུམ་གསུངས། བྲམ་ཟེ་བློ་གསལ་འཇིག་རྟེན་བོན་བརྒྱད་ཀྱི་བྱ་བ་ལ་བློ་ཁ་ལྡོག བྱང་ཆུབ་བསྒྲིབ་པའི་ཐབས་ལ་འབད།
སྟོན་པ་རང་འབྱུང་ཐུགས་རྗེ་ཅན་ལ་རྩེ་གཅིག་དད་པའི་གུས་ཤིང་མེ་ཏོག་ནང་ནས་མཆོག་ཏུ་གྱུར་པ་ཨུ་དམ་ཝ་ར་ཕུལ་བས་དྲན་པ་ཉེར་བཞག་ཐོབ། གཞན་
ཡང་སངས་རྒྱས་དང་བྱང་སེམས་ལ་མཆོད་སྤྲིན་བླ་མེད་བྱས་པས་ཚོགས་ལམ་དང་པོ་རྫོགས་
པར་བརྙེས་ཤིང་སྦྱིན་པའི་ཕ་རོལ་རབ་དགའི་ས་མཆོག་གི་རྒྱལ་ས་ཟིན་ཏེ། ཉི་སྒྲོན་ལས།
དེ་དུས་སྟོན་པ་གཤེན་རབ་ཀྱང་། བྲམ་ཟེ་བློ་གསལ་བྱ་བར་སྐྱེས། ཐམས་ཅད་རང་འབྱུང་སྟོན་པ་ལ།
མེ་ཏོག་ཨུ་དམ་ཝ་ར་ཕུལ། དྲན་པ་ཉེ་བར་བཞག་པ་ཡི།
ཚོགས་ལམ་དང་པོ་རྫོགས་པར་འགྱུར། སྦྱིན་རྫོགས་སེར་སྣ་དྲི་མ་བྲལ།
ས་ནི་དང་པོ་རབ་དགའ་ཐོབ། ཅེས་གསུངས་སོ།།
དེ་རྗེས་སྟོན་པ་འཁོར་བ་ཀུན་འདྲེན་བྱོན་ནས། ཕོ་བྲང་བདེ་གནས་ལྷུན་གྲུབ་བཞེངས།
བོན་ནི་རིན་ཆེན་གླིང་འབུམ་གསུངས། དགེ་ལ་བར་དུ་གཅོད་པར་བྱེད་པའི་ནག་པོ་གདུག་བྱེད་ཀྱི་བདུད་རིགས་བཏུལ། དེའི་དུས་སུ་སྟོན་པ་གཤེན་རབ་མི་བོ་ནི་རྒྱལ་བུ་དགེ་རྒྱལ་བྱ་བར་འཁྲུངས།
སྟོན་
པ་འཁོར་བ་ཀུན་འདྲེན་ལ་བདུད་རྩི་ས་ཞགས་ཀྱི་མཆོད་པ་སྐྱོགས་གང་ཕུལ་བའི་མཐུས་
མི་ཚངས་སྤྱོད་པའི་སྒྲིབ་པ་དག་ཅིང་ས་གཉིས་པ་དྲི་མེད་ཡེ་ཤེས་ཤེལ་གྱི་ས་ཐོབ་པ་
ཡིན་ཏེ། དེ་ཉིད་ལས། དེ་དུས་སྟོན་པ་གཤེན་རབ་ཀྱང་།
རྒྱལ་བུ་དགེ་རྒྱས་བྱ་བར་སྐྱེས། སྟོན་པ་འཁོར་བ་ཀུན་འདྲེན་ལ།
བདུད་རྩི་ས་ཞགས་སྐྱོགས་གང་དྲངས། མི་ཚངས་སྤྱོད་བྲལ་ཚུལ་ཁྲིམས་རྫོགས།
ཚོགས་ལམ་ཡང་དག་སྤང་བཞི་ཡི། ས་ནི་གཉིས་པ་དྲི་མེད་ཐོབ།
ཅེས་གསུངས་པའི་ཕྱིར་རོ།
།
དེའི་རྗེས་སུ་སྟོན་པ་ཉོན་མོངས་དུག་བསྲེག་བྱོན། གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར།
སེམས་ཅན་གྲངས་མེད་པ་ཞིག་ཐར་པའི་བདེ་གནས་སུ་བཀོད།
ཕོ་བྲང་ལྷ་རྩེ་དགུ་སྐོར་བྱ་བ་བཞེངས།
བོན་གཡུང་དྲུང་ལྷ་འབུམ་གསུངས། བདུད་རིགས་བསམ་ངན་གདུག་བྱེད་ཅན་རྣམས་བཏུལ།
དེ་དུས་སྟོན་པ་གཤེན་རབ་མི་བོ་ནི་ཚང་དཔོན་གྱི་བུ་རུ་སྐྱེས་པས།
ཡར་མཆོག་གསུམ་ལ་མཆོད་འབུལ་དང་མར་ངན་སོང་ལ་སྦྱིན་པ་འགྱེད་ཅིང་། སྟོན་པ་ཉོན་མོངས་དུག་བསྲེག་ལའང་འབྲས་བུ་ས་ལུ་ལྗང་པ་ཕུལ། རྒྱུད་མ་དག་པའི་དབང་གིས་འབྲས་བུ་ས་ལུ་ལྗང་པའི་ཆེད་དུ་རྩོད་པ་བྱེད་པའི་སེམས་ཅན་གཞན་རྣམས་ལ་བཟོད་བསྒོམ་ཤིང་སྙིང་རྗེ་སྐྱེས་པས་ན། རྟེན་དེར་ཚོགས་ལམ་ཆེན་པོ་རྫོགས་ཤིང་ས་གསུམ་པ་འོད་ཟེར་འཕྲོ་བའི་ས་ཆེན་ཚེགས་མེད་དུ་ཐོབ་པ་ཡིན་ཏེ། དེ་ཉིད་ལས། དེ་དུས་སྟོན་པ་གཤེན་རབ་ནི། ཚོང་དཔོན་བུ་ཡིན་འདོད་སྦྱིན་གྱུར།
སྟོན་པ་ཉོན་མོངས་དུག་སྲེག་ལ། འབྲས་ནི་ས་ལུ་ལྗང་པ་ཕུལ། ཚོགས་ལམ་རྫུ་འཕྲུལ་རྐང་བཞི་རྫོགས། ས་ནི་གསུམ་པ་འོད་བྱེད་ཐོབ། ཅེས་པས་གྲུབ་བོ།། དགེའོ།།