སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་རབས་སྔོན་མར་ཞེ་
སྡང་ལས་བསགས་པའི་དམྱལ་བའི་རྣམ་སྨིན་སྦྱངས་
བའི་སྐོར་རགས་ཙམ་གླེང་བ།
། གཟི་བརྗིད་སྐུ་ལ་མཚན་བཟང་དཔེ་བྱད་བཀྲ།
སྙན་འཇེབས་གསུང་ལ་ཚངས་དབྱངས་དྲུག་ཅུ་རྫོགས།།
རབ་ཡངས་ཐུགས་ལ་ཇི་ལྟ་ཇི་སྙེད་གསལ།།
བརྒྱ་པའི་མགོན་པོས་དགེ་ལེགས་ཆར་ལྟར་སྩོལ།།
སྤྱིར་གང་ཟག་སུ་དང་སུ་ཡིན་རུང་ཐོག་མར་རྒྱུད་མ་དག་པའི་རྟེན་འབྲེལ་དབང་གིས་སྐྱེ་བ་སྔ་མ་འཁོར་བར་མ་སྐྱེས་པར་ཡེ་ཐོག་མ་ཉིད་ནས་བླ་མ་དང་གདམས་ངག་ལ་མ་བརྟེན་པར་འབད་མེད་དུ་གྲོལ་བའི་གང་ཟག་ནི་མི་སྲིད་སྟེ། རིག་འཛིན་འདུས་པ་ཐབས་ཆེན་མཁའི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མང་ཡང་མེད། ཅེས་པས་ངེས་ལ། ཡར་ཐར་པ་བས་ཀྱང་མར་ངན་སངས་དུ་ལྟུང་བ་མང་ཞིང་། ལས་མ་དག་པ་ཆེ་བཙན་སྟབས་དགེ་བའི་ལས་རྣམས་བྲི་ནས་དུག་ལྔའི་དབང་གིས་འཁོར་བའི་ལམ་ལྔར་དགྲོད་པ་ཤིན་ཏུ་ནས་གྲངས་མང་ངོ་།
སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱང་སྐུ་སྐྱེ་སྔོན་རབས་རྣམས་སུ་ཡར་མཐོ་རིས་དང་མར་ངན་སོང་གཉིས་སུ་སྐྱེ་བ་གྲངས་མེད་བླངས་ཏེ་དུག་གསུམ་དུག་ལྔའི་དབང་གིས་འཇིག་རྟེན་བོན་བརྒྱད་ལ་སྤྱོད་ཅིང་དགྲ་འདུལ་གཉེན་སྐྱོང་བྱེད་པའི་དུས་ཤིག་ཀྱང་བྱུང་ནས། ཞེ་སྡང་དབང་གིས་སེམས་ཅན་གྱི་སྲོག་བཅད། ཕྱིས་སུ་སྲོག་གཅོད་ལས་ཀྱི་རྣམ་སྨིན་གྱིས་ངན་སོང་དམྱལ་བར་གྱད་བུ་ཐུང་དུ་སྐྱེས་སོ། དུས་དེར་སེམས་ཅན་ཤིན་ཏུ་མང་པོ་ཡང་སྔར་ཞེ་སྡང་དབང་གིས་སྲོག་བཅད་པའི་རྣམ་སྨིན་གྱིས་དམྱལ་བར་སྐྱེས་པ་རྣམས་དམྱལ་བའི་ལས་མཁན་རྣམས་ཀྱིས་སོག་ལེ་དམར་ནག་དབལ་སོ་ལྡན་པས་མགོ་ནས་མཇུག་བར་དུ་འདྲ་ཞིང་གཅོད་གཏུབ་བྱེད་པའི་དུས། སེམས་ཅན་དེ་དག་སྡུག་བསྔལ་གྱིས་གཟིར་བ་རྣམས་གྱད་བུ་ཐུང་གིས་གཟིགས་ནས་འདི་རྣམས་སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་ནས་ཡར་ཐར་པ་ཞིག་འཐོབ་ན་ཅི་མ་རུང་བསམ་ནས་བཅོས་མིན་གྱི་སྙིང་རྗེ་ཞིག་སྐྱེས། དེ་ཁྱབ་པས་ཤེས་ནས་དམྱལ་དཔོན་ལ་ཞུས་པ་ནི། ཉི་སྒྲོན་ལས། དགེ་སྡིག་ལས་ཀྱི་དབང་བཙན་པས། སྲོག་གཅོད་ཞེ་སྡང་རྣམ་སྨིན་གྱིས། དམྱལ་བར་གྱད་བུ་ཐུང་དུ་སྐྱེས། ཁྱབ་པ་ཞེ་སྡང་གྱད་གྲོགས་སྐྱེས། སོག་ལེ་དམར་ནག་འདྲ་བར་བྱེད། བཅད་གཏུབ་ལས་ལ་སྙིང་རྗེ་སྐྱེས། ཁྱབ་པས་དམྱལ་དཔོན་དག་ལ་བཟླས། ཞེས་གསུངས་པས་ཤེས་ཤིང་། དེ་ལ་དམྱལ་དཔོན་ཤིན་ཏུ་ཁྲོས་ཏེ་ཁྱོད་ཀྱང་ཞེ་སྡང་སྲོག་གཅོད་རྣམ་སྨིན་གྱིས་གྱད་བུ་ཐུང་དུ་སྐྱེས་པ་ཡིན་ལ། གཅོད་གཏུབ་བྱེད་བཞིན་པའི་སེམས་ཅན་འདི་དག་གིས་སྔར་ཞེ་སྡང་དབང་གིས་སེམས་ཅན་སྲོག་བཅད་ཅིང་། སྔར་བྱས་ཀྱི་ལས་ལ་འགྱོད་བཤགས་དང་ཕྱི་མར་སྡོམ་སེམས་སོགས་གང་ཡང་མེད་པས་རང་གིས་ལས་བྱས་ངན་པ་རང་ལ་སྨིན་པ་ཡིན་པས། ཁྱོད་ཀྱིས་སྙིང་རྗེ་ཅིའི་ཕྱིར་སྐྱེས་ཤེས་གཤེ་གཤེ་གཏོང་གིན་དམྱལ་དཔོན་ཁྲོས་ཏེ་ཐོ་བས་དབུ་བཅོམ་པ་ཡིན། གོང་གི་ཀུན་སློང་བཟང་པོ་དང་དམྱལ་དཔོན་གྱི་ཐོ་བས་དབུ་བཅོམ་པ་དེ་ཡིས་ཞེ་སྡང་སྲོག་གཅོད་ཀྱི་རྣམ་སྨིན་སྦྱངས་ཤིང་དམྱལ་བ་ལས་ཐར་པ་ཡིན་ཏེ། དེ་ཉིད་ལས། ཁྱོད་ཀྱིས་སྙིང་རྗེ་ཅིའི་ཕྱིར་སྐྱེས། ཤེས་སྨྲས་ཐོ་བས་སྤྱི་ནས་བཅོམ། ཞེས་གསུངས་པས་སོ།། དགེའོ།