༄༅སྔར་སོང་རྗེས་དྲན་དང་མ་འོངས་རེ་བ།། ༧ཁྱུང་གི་བསོད་ནམས།།
༈ སྟོང་ལོ་དུ་མར་ཆོས་སྲིད་ཉི་ཟླའི་འོད་སྣང་གོ་ལའི་གཙུག་ཏུ་འཕྲོ་ཞིང་གསལ།།
ཤེས་རིག་དཔལ་གྱི་ཕུ་ཐག་ཁ་འབབ་ཆུ་བཞི་ལས་རིང་ངོ་མཚར་རྨད་དུ་བྱུང་།།
མེས་རྒྱལ་བཙད་པོའི་དབུ་འཕངས་མཐོན་མཐིང་གངས་ལས་མཐོ་བའི་རྗེས་དྲན་ཞུ་བ་དང་།།
ཕུ་ནུའི་དམེ་འཁྲུགས་གྲུབ་མཐའི་ཆགས་སྡང་རྨོངས་དད་སོགས་ལ་ངོ་རྒོལ་བྱེད་ཕྱིར་ཡིན།།
༧ ལྷ་ལས་གྲོལ་ལམ་སྒོ་ངར་སྐྱེས་སམ་སྤྲ་སྤྲེའུ་འདུས་པ་གང་ཡིན་རྩོད་དགོས་མེད།།
འཛམ་གླིང་ཡང་རྩེར་འཚོ་བའི་རྩམ་ཟན་དབུ་ནག་བོད་རིགས་རྒན་དར་གཞོན་གསུམ་རྣམས།།
རྡོག་རྩ་ཆིག་སྒྲིལ་མཐུན་པའི་ལག་གདང་སྦྲེལ་བཞིན་གནའ་དེང་ཤེས་བྱ་ཚན་རིགས་ཁོང་ཆུད་གྱིས།།
ལ་རྒྱའི་སྙིང་སྟོབས་མ་ཉམས་འབད་བརྩོན་མདུན་དུ་སྐྱོད་དང་དཀའ་འཕྲང་སྒྲོལ་བའི་དུས་ཤིག་འོང་།།
༧ བགྲང་བྱ་ལྔ་སྟོང་ལྔ་བརྒྱའི་སྔོན་དུ་ཞང་ཞུང་འོལ་གླིང་དམུ་རྒྱལ་གཤེན་གྱི་རྒྱུད།
རྒྱལ་བོན་ཡབ་དང་རྒྱལ་བཞེད་ཡུམ་གྱི་སྲས་སུ་བལྟམ་པའི་གཤེན་རབ་མི་བོ་མཆོག།།
གངས་ཅན་ལྗོངས་འདིའི་བཅུ་ཕྲག་རིགས་པའི་གནས་དང་བདེ་ལེགས་ཀུན་གྱི་འབྱུང་བའི་ཁུང་།།
རྐང་གཉིས་འགྲོ་བའི་མགོན་དང་ཕན་བདེའི་ལམ་སྟོན་ཁོང་ལས་རླབས་ཆེན་གཞན་དག་སུ།།
༧ སྒྲུང་ལ་དགྱེས་ཞིང་འུད་ལ་སྤྲོ་བས་ཁྲི་དང་བརྒྱད་སྟོང་ལྡེམ་དགོངས་ཚུལ་བཞེད་ཡང་།།
སྲིད་པའི་འགྲོས་མཐུན་སྒྲུབ་བྱེད་ལུང་རིག་ཚད་ལྡན་དབུལ་པོའི་ནོར་བཞིན་དཀོན་དཀོན་ཆག།།
དད་པ་དག་སྣང་ཙམ་བསྟེན་བོན་ལ་འཐད་ཡང་མཁས་དང་སྲིད་ལ་མི་འཐད་ལུས།།
མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་བཞག་དགོས་པན་ཆེན་ལི་ཤུས་གསུངས།།
༧ སྟོན་པ་མཆོག་ནས་ད་བར་རྒྱུད་པ་མ་ཆད་འདུལ་རྒྱུད་མཁན་སློབ་རིམ་བྱོན་དང་།།
ཞང་ཞུང་སྙན་རྒྱུད་བླ་མའི་རྒྱུད་རིམ་འཁྲུགས་མེད་རྣལ་མ་སྔ་དར་ཕྱི་དར་བར།།
བླ་མའི་མང་ཉུང་ཧེ་བག་གཟིགས་དང་ཆུ་སྲིན་མགོ་མཐོང་འཇུག་དཔོག་དཔེ་བཞིན་མཆིས།།
སྔ་དར་ཉུང་ལ་ཕྱི་དར་མང་བས་སྒྲུབས་བྱེད་སྐུ་ཚེའི་རིང་ཐུང་ཙམ་དུ་ཟད།།
༧དེང་དུས་མཁས་པས་སུམ་སྟོང་བརྒྱད་བརྒྱའི་འགྲེལ་བཤད་འོལ་ཚོད་རང་བསམ་ཕྱོགས་འཐེན་ལས།།
བོན་གྱི་སྟོན་པའི་བྱུང་ཁུང་ལོ་རྒྱུས་འཆད་ལ་བོན་གཞུང་ཚད་མའི་རྒྱབ་བརྟེན་དགོས།།
ལྔ་སྟོང་ལྔ་བརྒྱའི་འགྲོས་འདི་མདོ་འདུས་སོགས་དང་དར་རྒྱས་གསལ་སྒྲོན་དགོང་པ་ཡིན།།
དབུས་ལམ་འདི་ལས་དོན་དངོས་མི་མཐུན་ཁ་ཤོག་དཔུང་སྒྲིགས་དགོས་གལ་དབང་པོའི་གཞུ།།
༧གཤེན་རབ་ལྷ་སྒྲུང་མི་མིན་རང་རེའི་མེས་ཡིན་མཛད་རྣམ་ཞང་བོད་ཡུལ་འདིར་བསྐྱང་།།
གཤེན་ཞལ་ཁྱད་འཕགས་ནས་གསུང་ཟབ་རྒྱས་བཀའ་འགྱུར་པོ་ཏི་བརྒྱ་ཕྲག་གྲངས་ལས་བརྒལ།།
གཤེན་གྱི་ཕྱག་ཞབས་སྐུ་རྗེས་ཏི་སེ་གངས་དང་བོན་རི་སོགས་ལ་ལྷང་ངེར་གསལ།།
གཤེན་གྱི་གདུང་རབས་མ་ཆད་བཞུགས་པ་འདི་ལྷག་གསལ་བཤད་དཔང་པོ་གཞན་ཅི་དགོས།།
༧རི་རྒྱལ་ཏི་སེའི་ཕྱོགས་མཚམ་གཤེན་རབ་ཞབས་རྗེས་བོན་བསྐོར་མི་འགྱུར་བཀའ་རྟགས་ལ།།
ཐུབ་པའི་ཞབས་རྗེས་འགྲེལ་མོད་ངུ་མཁས་དགོད་པའི་ཟོལ་ལས་བཅོམ་ལྡན་ཐུབ་པའི་ཞབས།།
ཡུལ་འདིར་འབྱོན་མྱོང་མེད་པར་རྗེས་ཤིག་དོད་ན་ཁྱི་ལའང་རྭ་སྐྱེ་ཐུབ་དབང་སྐབས།།
མི་མེད་མཚོ་འཁྱིལ་མ་འོངས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བཤད་དང་མི་འགལ་ལམ།།
ཞང་ཞུང་ཡུལ་འདིར་སྲིད་པའི་རྒྱལ་པོའི་རྒྱལ་དར་མཁའ་ལ་སྒྲེངས་བའི་དུས་རབས་དེར།།
ཤར་ཕྱོགས་སུམ་པ་བྱང་ནས་ལི་ཡུལ་ནུབ་ཕྱོགས་ལ་དག་ལྷོ་བལ་ཚུན་ཆད་དུ།།
བཅུ་ཕྲག་རིག་པའི་གནས་དར་གོ་ལའི་ཐོག་གི་ཆེའི་སྔའི་ཚན་རིག་བརྗོད་དུ་རུང་།།
གཟི་དང་ཐོག་ལྕགས་ལི་ཆས་བོན་གྱི་དེབ་ཐེར་སོགས་ཀྱི་དངོས་དཔང་ལས་ལྷག་ཅི།།
༧ཡང་ཟབ་སྙིང་པོའི་བསྟན་མཆོག་བཙན་པོའི་གདུང་དང་ལྷན་ཅིག་གངས་ལྗོང་མགོན་དུ་བྱོན།།
རྒྱལ་གཤེན་བསྟན་པ་མཉམ་ཆག་གནམ་གྱི་ཁྲི་བདུན་བང་སོ་མཁར་བཏབ་འཇའ་ལུས་གྲོལ།།
བོན་གྱི་ངོ་མཚར་འདི་ལྷག་ཆོས་ལ་མ་དམིག་ན་ཡང་སོ་བདུན་རྒྱལ་རབ་ཡན།།
རྫོགས་སངས་རྒྱས་པའི་ཐབ་མེད་ཟེར་ནས་བོན་སྨད་ལག་ལྡུག་བྲག་འཛེགས་བཞད་བགད་ཡུལ།།
༧ བཅོམ་ལྡན་འདས་ཀྱི་སྔགས་རྫོགས་པོ་ཏི་གཅིག་ཀྱང་བསྟན་མེད་ཀློང་ཆེན་པ་སོགས་ཀྱི།།
ཨུ་ཚུགས་ཚྭ་ལས་རྡོ་དང་ལྕགས་གཉིས་སྦྱར་ཡང་མ་མཐུན་པ་ཡི་གནམ་བབ་ཆོས།།
བན་བོན་གང་གི་ལོ་རྒྱུས་མི་འཐད་ཕུང་གསུམ་གྲུབ་མཐའི་བདག་འཛིན་མངོན་བྱེད་ཙམ།།
འབཱེ་རོའི་བོན་ལས་བསྒྱུར་བའི་ཁུང་ཁ་རྩི་བུར་བཀབ་པ་དུས་དབང་རླུང་གིས་བསལ།།
༧ སྤུ་ལྡེ་རྒྱལ་ནས་ཉ་ཉུང་མ་བསྲེས་རྒྱལ་གྱི་སྲིད་དང་གཤེན་གྱི་བོན་བསྟན་འཛིན།།
ཆབ་སྲིད་རུ་བཞིའི་བོད་ནས་གངས་ལྫོངས་མཐའ་བརྒལ་སྲོང་བཙན་སྒམ་པོ་མཆོག་གི་དུས།།
སུམ་གཉིས་འཛམ་གླིང་དབང་བསྒྱུར་ཞེས་པའི་གྲགས་སྙན་དེབ་ཐེར་ཐོག་ཏུ་སྲིད་མཐར་གནས།།
ཆོས་སྲིད་གཉིས་ཀ་རྗེས་སུ་ལུས་པའི་དགེ་སློང་རྒྱལ་པོར་འཁོད་པའི་ལུགས་དེ་མེད།།
༧ ཨོ་རྒྱན་ཡུལ་དུ་དར་བའི་བོན་གྱི་མ་རྒྱུད་རྒྱུད་གསུམ་ནང་གི་ཐབས་དྲུག་དང་།།
ཏེ་ལོ་བ་ཡི་ཨོ་རྒྱན་མཁའ་འགྲོར་ཞུས་པའི་ཆོས་དྲུག་ནང་དོན་གཅིག་ཏུ་མཚུངས།།
ན་རོས་ན་ལེན་ཏྲ་བསྐྱུར་མདོ་བཞག་སྔགས་ལ་ཞུགས་དེས་ཐུབ་བསྟན་རྣལ་མ་ལ།།
སྔར་ནས་མདོ་སྔགས་ཟུང་འབྲེལ་ཨི་དར་དོག་བསླངས་ཆོས་རྒྱུད་གཞན་ཞིག་ཤུགས་ལ་བསྟན།།
༧ ཨ་གསར་ཚ་བའི་ཁྲི་སྲོང་ལྡེ་བཙན་ཨ་ཙ་ར་ཡི་མགོ་སྐོར་འོག་ཏུ་ཚུད་ཕྱིན་ཆད།།
སྙིང་ལ་གདོན་ཞུགས་ཕ་མེས་རིག་གཞུང་གླེག་བམ་གནའ་རྫས་བང་མཛོད་ཆུ་ལ་བཏབ།།
ཇི་ཁྲོམ་དཀར་སོགས་བཅུ་རིག་མཁས་གྲུབ་དུ་མའི་དབུ་བཅད་བསམ་ཡས་རྨེང་ཞབས་མནན།།
དཔའ་མཛངས་འཕྲུལ་བློན་མང་པོ་མཐར་རུ་སྤྱུག་གམ་གསོན་པོར་དོང་སྦས་དམར་བསད་བཏང་།།
༧ ཁྲི་སྲོང་ཚེ་མཐར་མ་ཕྱིན་རྟ་གྲིར་གྲོང་ཤིང་སྲས་མོ་པད་འབྱུང་པང་དུ་ཤི།།
རྫུ་འཕྲུལ་འགྲན་མེད་ཚེ་ཡི་ལྷ་དེའི་སྦྱིན་བདག་མི་སྐྱོབས་དེ་དུས་ཅི་ཞིག་ཉེས།།
མཐའ་འཁོབ་མུན་གླིང་བོད་དུ་དམ་ཆོས་ཉི་མ་ཤར་ཚུན་བདེ་སྐྱིད་ལྷར་མཉམ་ཟེར།།
རྒྱལ་བློན་ནང་འཁྲུགས་ཕུ་ནུའི་སྙིང་ཁྲག་སར་འཕོས་རྒྱལ་ཁབ་འཐོར་དོན་ཅི་ཡིན་ནམ།།
༧ གངས་རིའི་མེས་པོ་ཞྭ་དཀར་བོན་ལ་མུ་སྟེགས་ཟེར་ཡང་ཕྱི་རོལ་འཇུག་པ་བཅུའི།།
གྲས་སུ་གཤེན་རབ་ཤཀྱ་སུ་ཡོད་ལོ་རྒྱུས་མཁན་པོའི་སེམས་སུ་ཁྲིག་ཁྲིག་གསལ།།
སྤྱན་རས་གཟིགས་དབང་ཕྱི་པའི་ལྷ་ཡི་གྲལ་དུ་ཡོད་པ་དགེ་ཆོས་མཁས་པས་བཞེད།།
རྡོ་རྗེ་འཇིག་བྱེད་དབང་ཕྱུག་དྲག་འཁྲོས་ཡིན་པ་རོང་སྟོན་ཆེན་པོའི་གསུང་ལས་བྱུང་།།
༧ རལ་པ་ཅན་གྱི་རང་ཕུང་རལ་གྲི་བན་བཙུན་མགོ་རིལ་གཙུག་ཏུ་བཀུར་དྲག་པས།།
དམག་གི་སྲིད་ཉམས་མཐའ་མཚམས་ཡུལ་ཤོར་འབངས་རྣམས་ཁྲལ་འུར་རི་བོའི་འོག་ཏུ་གཟེར།།
བན་དེ་ཇོ་མོའི་བྱི་ཕྲུག་གཏེར་སྦས་ནད་མུག་ཁ་དར་གྲངས་ཉུང་མི་རིགས་གྱུར།།
གསང་སྔགས་ཕྱག་རྒྱར་ཁ་གཡར་དགེ་སློང་ན་ཆུང་བླངས་ཤིང་བམ་སྒྲུབ་མི་གསོན་བསྒྲལ།།
༧ལྷ་ཡི་སྤྲུལ་པར་བཤད་པའི་ཤཀྱའི་དགེ་སློང་བསམ་ཡས་མཁན་ཐོག་དགུ་པ་བ།།
ལྷ་ལུང་དཔལ་གྱི་རྡོ་རྗེའི་བྱམས་སེམས་སྙིང་རྗེ་སྡོམ་གསུམ་སློག་ཧྲུལ་བཞིན་གཡུགས་ཏེ།།
ལྷ་སྲས་འུ་དུམ་བཙན་པོའི་སྙིང་ཁར་དུག་མདས་ལྗུར་ཕུད་གངས་ལྗོངས་རྒྱལ་ཁབ་ཆེ།།
ལྷ་སྐུར་རབ་གནས་གཏོར་བཞིན་འཐོར་བས་མི་རེ་ལམ་རེ་ལེན་པའི་མཛད་རྗེས་བཞགས།།
༧ཤཀྱའི་འདུལ་རྒྱུད་བོད་ཡུལ་དབུས་ནས་ཆད་དུས་མདོ་སྨད་བོན་གྱི་འདུལ་འཛིན་པ།།
སློབ་དཔོན་མུ་ཟིའི་མཁན་རྒྱུད་བླ་ཆེན་དགོང་པ་རབ་གསལ་དྲུང་ནས་ཆོས་པས་ནོད།།
དེ་ཕྱིན་བོན་གྱི་འདུལ་ཆས་བོན་ཆོས་ཐུན་མོངས་བཙུན་པའི་གྱོན་པ་ཤིག་ཏུ་ཆགས།།
བོད་ན་ཤཀྱའི་འདུལ་གོས་གྱོན་སྲོལ་དེ་ནས་ཉམས་པ་ཨེ་ཤེས་བན་བཙུན་ལགས།།
༧ཐུབ་པའི་དབང་པོའི་ཆོས་སྲིད་ཟུང་འབྲེལ་མ་ལྕོག་ཤཀྱའི་རྒྱལ་སྲིད་སྣབ་ལྟར་དོར།།
དབེན་པའི་གནས་སུ་ཕྱི་ཚུལ་ནང་ཁྲིམས་ཟུང་འབྲེལ་བདེན་བཞིའི་ཆོས་འཁོར་བསྐོར་བར་མཛད།།
བོད་ན་དེ་ཡི་རྗེས་འཛིན་དགེ་སློང་རྒྱལ་པོའི་ཁྲིར་འཛེགས་ཆོས་བརྒྱད་ཆོས་འཁོར་བསྐོར།།
རང་འདུལ་ཆོས་དེ་གཞན་འདུལ་གཡོ་འཕྲུལ་ཞིག་ཆགས་ལས་འབྲས་ཆུ་བཞིན་རྙོགས་ལ་ལྟོས།།
༧ས་འབྲི་འཁྲུག་པས་བསྟན་པའི་བཞི་ཆ་ཉམས་ཤིང་ཀ་རྒྱུད་དགེ་ལུག་འཁྲུགས་པའི་རྐྱེན།།
སོགས་དམག་ནང་ཁྲིད་དགོན་སྡེ་གནའ་དངོས་བསྒྲང་ཡས་མེར་བསྲེག་མི་རོས་གྲམ་པ་བདལ།།
བསྟན་འཛིན་ཆོས་རྒྱལ་མིང་བཏགས་བོད་ཡུལ་ཕུང་སྦྱར་རྩ་བ་སུ་ལ་ཐུགས་ནས་ཡོད།།
རྟོགས་སད་དགེ་ཆོས་བརྩོན་བཅུག་བོད་མིའི་ལས་དབང་ཆུ་ལ་གཡུགས་མཁན་བོན་པོ་མིན།།
༧གོང་དུ་བླ་དཔོན་མར་ཁུ་མེར་བླུག་དར་གོས་ཀ་གདུང་ལ་བསྐོན་ཇ་ཆང་རོལ།།
འོག་ཏུ་འབངས་རྣམ་བཀྲེས་ལྟོག་མུག་གྲི་འཁྱག་ཤི་གྲངས་མང་ཐེབ་ཅིང་ན་ཚས་གཟིར།།
གཞན་ཕན་ལམ་ཟམ་སློབ་གྲྭ་སྨན་ཁང་དབུལ་སྐྱོབ་མེད་པའི་གཞུང་དཔོན་ཟ་རྔམ་ཅན།།
ཁ་ཡི་སྨོན་ལམ་ཆོས་མཛད་གྲུབ་མཐའ་ཆགས་སྡང་མཁས་ཅན་སྲིད་སྐྱོངས་བོན་པོ་མིན།།
༧མི་ཤི་མི་སྐྱེ་ཁྱི་ཤི་ཁྱིར་སྐྱེ་རྟག་ལྟའི་རྒྱུད་འཛིན་སྤོ་ཐོ་རྦབ་འགྲིལ་དང་།།
ཆང་གི་སྦང་མའི་ངང་ཚུལ་འཛིན་པའི་སྤྲུལ་སྐུ་གཉིས་སྣང་སུམ་སྣང་རྩོད་པ་ཅན།།
གང་མཛེས་བུ་མོར་རོལ་ཞིང་གང་དགྱེས་མཛད་པ་སྐྱོངས་བའི་མཆོག་ཆེན་དམ་པ་རྣམས།།
དམ་པའི་ཆོས་ལ་མ་གཏོག་གཡུང་དྲུང་བོན་ལ་བླ་མ་ལོ་བའི་གཞུང་ཤིག་མེད།།
༧གཞན་དྲིན་མི་འཇོག་ཤེས་རིག་རང་ལ་ཡོད་བཞིན་གཞན་ལ་ཕུག་བཅོལ་བསྒྱུར་བཟོ་བྱས།།
སྨྱུག་གུ་དྲུད་ཐེང་ཅིག་གིས་གངས་ལྗོངས་ལོ་རྒྱུས་དྭངས་གཙང་ཆུ་བོ་རྙོགས་སུ་གཅུག།།
ཕ་མེས་དུད་འགྲོའི་ཁྱུ་རུ་བཟླ་མཁན་བར་སྐབ་བོད་ཀྱི་མཁས་འགའ་སྨྱོས་སམ་བཟི།།
དེང་དུས་དཔྱད་གསུམ་སྐྱ་རེང་གྱིས་དྲངས་བདེན་དོན་ཉི་མ་སྦར་མོའི་ག་ལ་ཁེག།།
༧དེང་གི་བླ་ཆེན་འགའ་ཡི་ཐུབ་པའི་རིང་ལུགས་མིན་ན་ནང་པ་མིན་པར་འགྲེལ།།
སྔར་བྱོན་སྟོན་པ་སངས་རྒྱས་འོད་སྲུང་འབྱུང་འགྱུར་རྒྱལ་བ་བྱམས་པའི་བསྟན་པ་དག་།།
ནང་པ་མིན་འགྱུར་ད་ལྟའང་རྙིང་མའི་རྫོགས་ཆེན་ན་རོའི་ཆོས་དྲུག་གསང་སྔགས་སྡེ།།
སྡེ་སྣོད་བཞི་བརྒལ་ལྔ་པ་ཐེག་པའི་དགོང་པ་མིན་པར་ཐུབ་པས་གསུང་མེད་དམ།།
༧ བོད་རིགས་ནང་ཚན་བར་གྱི་གྲུང་འདྲ་ཕྱི་ལ་ཡོད་ན་རིག་རྒོད་ངོ་མ་ཡིན།།
བོད་རིགས་ནང་ཚན་འཁྲུག་པའི་དཔའ་འདྲ་གཞན་ལ་ཡོད་ན་ཕོ་རྒོད་ངོ་མ་ཡིན།།
བོད་པས་མ་ཅང་རྒྱག་འདྲའི་བརྩོན་འགྲུས་ཡོད་ན་གོ་ལའི་ཐོག་གི་སྔོན་ཐོན་འགྲོ།།་
བོད་པ་ཆང་རག་རྣམ་ཡེངས་དགའ་འདྲ་ཚན་རིག་དགའ་ན་མགྲན་མེད་མི་རིགས་འགྱུར།།
༧ མི་ཚོས་འཛམ་གླིང་ག་ས་ག་ལ་བྱས་རྗེས་འཇོག་བཞིན་རྐང་པ་བརྟེན་པོར་འཛུག།།
ང་ཚོ་རང་གི་ཡུལ་དུ་གཞན་བརྟེན་སྲིན་བུའི་འཚོ་བར་མ་ཤི་ཙམ་དུ་གནས།།
རིགས་གཞན་མཁའ་འཕུར་ཟླ་སྐར་ཐོག་བསྒྲོད་རྒྱ་མཚོའི་གཏིང་ཉུལ་ཚན་རྩལ་ཉིན་བཞིན་རྒྱས།།
ང་ཚོའི་སྲོལ་རྒྱུན་སྨན་སོགས་བཟོ་རིག་ཤོར་ཟིན་རྩམ་འཐག་སང་ཤོར་གནང་ཤོར་ཡིན།།
༧བོད་པའི་སྤྲུལ་སྐུ་གྲྭ་བཙུན་དངུལ་དང་ཁྱིམ་བཙའ་ཡེངས་ནས་སྒོམ་སྒྲུབ་གླས་ལ་བོར།།
བོད་པའི་དཔོན་རིགས་གོ་ས་ཕོག་ཐོབ་ཕ་མགོ་བརྡུང་ཕོད་མ་མགོ་ཟ་ཡང་ནུས།།
བོད་པའི་ཕྲུ་གུའི་ཤེས་རིག་གོམ་གཤིས་ཉིན་བཞིན་ར་མ་ལུག་ཏུ་འགྱུར་བཞིན་ཡོད།།
བོད་པ་མི་སྐྱ་ཕོ་མོའི་ལ་རྒྱ་ཁ་དང་སེམས་ཤུགས་རྐུབ་གྱི་མཚན་མར་ཡོད།།
༧ད་ནི་རང་རེ་སྡུག་ཡུས་མི་བཤད་ཕུག་བསམ་ལྷུགས་གླེང་མཐུན་པའི་ལག་གདང་སྦྲེལ།།
ང་ཁྱོད་གྲུབ་མཐའ་རྩོད་ཚེ་ཁྱི་འཛིངས་རྐུ་མའི་གྲོགས་སུ་འགྲོ་ཉེན་ཆེ་བས་གཟབ།།
འགྲོ་ལ་འཕྲལ་ཕུགས་ཕན་དང་ཞི་བདེ་ལམ་སྟོན་གང་ཡིན་ནང་པ་དངོས་དེ་ཡིན།།
འཁྲུགས་རྩོད་མི་བདེ་སྦྱོར་མཁན་ནང་པའི་མིང་དེའི་དགོས་གལ་མེད་ལ་བསྟན་བཤིག་ཡིན།།
༧གསེར་དང་ར་གན་སུ་ཡིན་བསྲེག་བཅད་བརྡར་གསུམ་གྱིས་ཤེས་ཕྱི་པ་ནང་པ་གཉིས།།
འཁོར་བའི་ཆགས་སྡང་རལ་ཁ་བཀྱེ་ཉིན་བྱམས་སེམས་བཟོད་པའི་གོ་ཆ་སྲབ་མཐུག་དང།།
ཤེས་རབ་སྟོང་ཉིད་མཚོན་གྱི་རྣོ་རྡུལ་བརྩོན་འགྲུས་རྟ་ཕོའི་བང་རྩལ་ཡོད་མེད་ཤེས།།
དེ་མིན་ཟོབ་རྫུ་ཁ་རྟ་དོན་ལུག་ཕྱི་རྫིག་ནང་སྟོང་ནང་པའི་དགོས་པ་མེད།།
༧ཆོས་ཀྱི་རིང་ལུགས་འཛིན་པས་ཆོས་བཞིན་སྤྱོད་ནས་ཐུབ་པའི་དབང་པོའི་དགོང་དོན་བཞིན།།
ལས་འབྲས་ཞིབ་སྲུང་ཆོས་བརྒྱད་རོ་སྙོམ་འཁོར་འདས་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས།།
དབུ་མ་བདེན་གཉིས་གཞི་ལ་སྟོང་ཉིད་སྙིང་རྗེ་ཐབས་ཤེས་ཟུང་འཇུག་ལམ་དུ་བྱེད།།
སྐུ་གཉིས་ཟུང་འཇུག་འབྲས་ཐོབ་རང་བདེ་གཞན་སྐྱིད་བྱུང་ན་ནང་པ་ངོ་མ་ཡིན།།
༧བོན་གྱི་རིང་ལུགས་འཛིན་པས་བོན་དང་མཐུན་པར་གཤེན་རབ་དགོང་དོན་ལྟར་དུ་སྤྱོད།།
ལྟ་བ་ཡས་ཕུབ་སྤྲོས་བྲལ་ཐིག་ལེ་ཉག་ཅིག་དགོང་པས་ཉིན་མཚན་ལ་བཟླའ་ཞིང་།།
སྤྱོད་པ་མས་འཛེགས་ལས་འབྲས་ཞིབ་བསྲུང་ཕར་ཕྱིན་བཅུ་ལ་ལོངས་སུ་སྤྱོད་པར་བྱེད།།
མཐར་ཐུག་འབྲས་བུ་དོན་གཉིས་ལྷུན་གྲུབ་གཞོན་ནུ་བུམ་སྐུར་ཐོབ་ན་ནང་པ་ཡིན།།
༧ཕྱིར་བལྟས་རྗེས་ལུས་ནོར་འཁྲུལ་ཕམ་ཉེས་བསླབ་བྱར་བླང་ཤིང་ལམ་ནོར་ལྡོག་ཤེས་བྱ།།
མདུན་བལྟས་སྙིང་རུས་ཧུར་བརྩོན་ཆེན་པོས་གོམ་པ་བརྟན་ཞིང་དཀའ་འཕྲང་ཅི་འཕྲད་ཀྱང་།།
མི་སྐྲག་སྙིང་སྟོབས་རྐྱེན་ངན་གྲོགས་བསྒྱུར་གངས་ཅན་བོད་པའི་རིགས་གཞུང་ཉམས་མེད་ཐོག།།
ཚན་རྩལ་ཤེས་རིག་སྔོན་ཐོན་བྱུང་ན་གངས་ཅན་རིགས་དང་མེས་རྒྱལ་ཆེན་པོའི་ཚ།།
༧ཁ་ལག་འཐབ་མོའི་མ་ཡིན་ཤེས་རིག་འབད་བརྩོན་ཚན་རྩལ་རིག་གནས་རྒྱལ་ཕམ་རྩོད།།
ཕུག་གི་རྒྱལ་ཁ་མཐུན་སྒྲིལ་ཤེས་རབ་ལྡན་ཞིང་སྙིང་རུས་ཡོད་ན་ལོན་ངེས་ཡིན།།
ཐ་ཧྲན་རི་བོ་ཇི་ལྟར་ལྗི་ཡང་ཡུས་ཀུང་སེམས་ཤུགས་སྟོབས་ཀྱི་སྤོས་པར་གྲགས།།
ཕ་ལམ་ཇི་ལྟར་སྲ་ཡང་རྫས་སྦྱོར་མཁས་པས་བསྲེག་ནུས་དངོས་པོའི་གཤིས་ལུགས་ཡིན།།
༧མེས་པོའི་ཁྲག་རྔུལ་གྱིས་བསྐྲུན་མི་རིགས་བླ་སྲོག་སྐད་ཡིག་གཏིང་ཟབ་རིག་མཛོད་དང་།།
ཡ་རབ་ཀུན་སྤྱོད་གོམ་གཤིས་བཟང་པོ་དང་ནི་གནའ་རྫས་རྩ་ཆེན་ཁོར་ཡུགས་སོགས།།
སྲོག་བཞིན་གཅེས་པར་འཛིན་དགོས་གཞན་རིགས་སྔོན་ཐོན་ལེགས་ཆ་ལེན་ཞིང་དཔེར་ལྟ་དགོས།།
རྩ་བའི་ལམ་ཕྱོགས་མ་ནོར་དུས་ཀྱི་འགྲོས་དང་བསྟུན་མཁས་མདུན་སྐྱོད་སྙིང་སྟོབས་དགོས།།
༧རང་ལ་མེད་ཀྱང་བསམ་དཀར་གཏམ་འདི་མེས་པོའི་ཁྲག་རྒྱུན་བསྒྲང་བྱ་སོ་དྲུག་རིང་།།
བདག་གི་འཕར་རྩར་རྒྱུ་བའི་ལྷག་བསམ་ཙམ་ཡིན་མཐར་ཐུགས་གངས་ཅན་ལྗོངས་འདི་ཉིད།།
སྲིད་མཁས་སྐྱེ་བོའི་རྒྱལ་ཁམས་འབྱོར་ཕྱུག་དཔལ་བཀོད་གཞན་དབང་མི་འགྱུར་ཞིང་།།
དགེ་བྱེད་ཐུགས་མཐུན་ཁྲིམས་གཙང་ཆོས་བརྒྱད་དོར་བའི་གྲུབ་ཐོབ་སྐྱེས་མཆོག་ས་འགེང་ཤོག།། །།
༧ ཕྱི་ལོ་
- ཟིན་ཐོ་གོང་མ།ཉི་ཕུན་གྱི་ལོག་རྟོག་མུན་པ་སེལ་བའི་སྒྲོན་མེ།
- ཟིན་ཐོ་འོག་མ།བཤེས་གཉེན་ལགས།