ཉི་ཕུན་གྱི་ལོག་རྟོག་མུན་པ་སེལ་བའི་སྒྲོན་མེ།
གྱེར་བཙུན་གཡུང་དྲུང་བསྟན་རྒྱལ་ནས།
༧ཉེ་བའི་ཆར་བོད་རབ་བྱུང་བཅུ་བདུན་ལྕགས་སྟག་སྤྱི་ལོ་༢༠༡༠ལོར། ཐུབ་བསྟན་འཇང་དགུན་གྱི་ཆོས་ཚོགས་ཆེན་མོ་ཞེས་པ་མཚོ་སྔོན་ཡུལ་ཤུལ་དུ་འཚོགས་པའི་སྐབས་སུ། སེར་བྱེས་དགེ་བཤེས་ཡིན་ཟེར་བ་ཉི་མ་ཕུན་ཚོགས་ཞེས་པའི་གྲྭ་པ་ཞིག་གིས། མཁས་འདོད་གྲགས་འདོད་ཆེ་འདོད་གསུམ་གྱི་ང་རྒྱལ་རབ་ཏུ་འབར་ཞིང་། ཆེ་ཆེ་རྫིག་རྫིག་དང་ཆེ་གཏམ་ངར་བཤད་ཀྱི་སྒོ་ནས། དད་ལྡན་མི་དམངས་ཡོངས་ལ་དགེ་བཤད་སྡིག་བཀྲོལ་བྱེད་ཁུལ་གྱི་སྟབས་དང་བསྟུན་ཏེ། ཁོ་པས་བོད་གངས་ཅན་གྱི་ལྗོངས་འདིར་ཆོས་ལུགས་གྲུབ་མཐའ་ཁག་རྣམས་རིས་མེད་ཡིན་ཟེར་བ་དང་། ཡང་སྔོན་བཤད་གཏམ་གྱི་མཇུག་མ་རྫོགས་གོང་དུ། རྐང་རྗེས་ལག་པས་བསུབ་ཞེས་པའི་དཔེ་ལྟར། ཁོ་པའི་ཤེས་རྒྱུད་ལ་གྲུབ་མཐའི་འཁོན་འཛིན་གྱི་ཀུན་སློང་ལོག་པ་ཞིག་གློ་བུར་དུ་ཤར་ཏེ། ཁ་བ་གངས་རིའི་ཕ་ཆོས་གཅིག་པུ་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་ཆ་ཚང་བའི་ཞྭ་དཀར་གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་ལ་ཁོ་པས། ༼བོད་གངས་ཅན་གྱི་ལྗོངས་འདིར་བོན་པོའི་ཆོས་
འདི་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་ཡིན་༽ཟེར་བ་ཐག་ཁེར་གཅོད་མདུད་པ་ཁེར་བཀྲོལ་གྱི་གཏམ་ངན་ཞིག་སྤེལ་འདུག། དེར་བརྟེན་ད་ལན་ཁོ་བོས་རྒྱུ་མཚན་འདི་ལ་དྲི་བ་ཞིག་བཀོད་པར་འདོད་དེ། ཁྱོད་ཀྱིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཟེར་བ་དེ་ངོས་འཛིན་གང་འདྲ་ཞིག་བྱེད་ཀྱིན་ཡོད། གཡུང་དྲུང་བོན་ལུགས་འདི་ནང་པ་སངས་རྒྱས་པ་མ་ཡིན་པའི་རྒྱུ་མཚན་གསལ་ཁ་དོད་པ་དང་གནད་ལ་འཁེལ་བའི་འགྲེལ་བཤད་གཅིག་རྒྱོབ་དང་དགེ་བཤེས་ལགས། གོ་ལ་ཡོངས་ལ་གནས་པའི་ང་ཚོ་བོན་པོ་ཚང་མས་རྣ་སྐྱག་གཙང་མ་ཕྱིས་ཏེ་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཁྱོད་ཀྱི་གསལ་བཤད་དེ་ལ་བློ་མི་འཚབ་པར་རྒྱུ་མཚན་གཅིག་ཉན་ན་ལོས་འགྲིག། གལ་སྲིད་ཁྱོད་ལ་བོན་གཞུང་དང་འབྲེལ་བའི་ཁྱོད་རང་གི་འདོད་བློ་ལྟར་བོན་པོ་ནང་པ་སངས་རྒྱས་པ་མ་ཡིན་པའི་བཀའ་ལུང་གི་རྒྱབ་བརྟེན་དང་། ཚད་གསུམ་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་བྱེད་ཀྱི་རིག་པ་ཡང་དག་ཞིག་ཁྱོད་ལ་བཤད་རྒྱུ་ཡོད་པ་ཡིན་ན་ང་ཚོས་ཁྱོད་ལ་ཡིད་རངས་ཞུ་རྒྱུ་ཡིན། དེ་ལྟར་མ་ཡིན་ཞིང་གངས་རིའི་ལྗོངས་འདི་ཕུང་ལ་སྦྱར་བྱེད་དང་། ལོ་རབས་སྟོང་ཕྲག་གི་རིང་ལ་ཁྱོད་ཤི་ང་གསོན་གྲུབ་མཐའི་འཁོན་འཛིན་གྱི་ཁ་ཆེམས་དེ་ཉིད་མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱེད་པའི་སྲོལ་ངན་དེ་དག་ཁྱོད་ཀྱིས་རོ་ལངས་རྒྱག་རྒྱུ་དང་སླར་གསོ་བྱེད་འདོད་ཀྱི་གཏམ་འཁྱལ་ཞིག་ཡིན་ན་དེ་ལ་ཉན་རིན་གང་ཡང་མེད་མོད། ང་ཚོ་བོད་གངས་ཅན་ལྗོངས་འདིར་ཆེས་དར་སྔ་བའི་ཕ་ཆོས་རྫོགས་པ་ཆེན་པོ་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འདི་ནི། བསྐལ་བཟང་སངས་རྒྱས་སྟོང་གི་ཡ་གྱལ། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ། རྣམ་འདྲེན་དམུ་རྒྱལ་མགོན་པོ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་ཐུགས་ཀྱི་དཔལ་བེའུ་ནས་དགོངས། མགུལ་གྱི་བུམ་པ་ལ་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན་ཏེ་གསུང་པའི་བོན་སྒོ་འདི་རྣམས་ཁྱོད་ལ་མཚམས་སྦྱོར་ཞིག་བྱེད་པ་ལ། སྟོན་པ་སངས་རྒྱས་མཆོག་གིས་གདུལ་བྱ་ཉོན་མོངས་པ་དུག་གསུམ་གྱི་གཉེན་པོ་ལ་འདུལ་བྱེད་བོན་སྒོ་ཕྱི་ནང་གསང་གསུམ་གསུངས་པ་དང་། དེ་བཞིན་དུ་དུག་ལྔ་འདུལ་བའི་གཉེན་པོ་ལ་སྒོ་བཞི་མཛོད་ལྔ། མ་རིག་འཁྲུལ་པ་སྒོ་དགུ་ལ་བོན་སྒོ་ཐེག་པ་རིམ་དགུ། འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་ལ་གསས་མཁར་སུམ་བརྒྱ་དྲུག་ཅུ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་གཉེན་པོ་འདི་རྣམས་ནི། རྒྱལ་བ་ཐབས་ཐུགས་མ་འགགས་པར་གང་ལ་གང་འདུལ་དང་དེ་ལ་དེ་སྟོན་དུ་མཛད་པའི་ལུང་རྟོགས་ཀྱི་བསྟན་པ་ཁྱད་པར་ཅན་ཞིག་ཡིན། ཉི་ཕུན་ཁྱོད་ཀྱིས་དེ་དག་གི་དགོངས་དོན་ཇི་མ་ཇི་བཞིན་ཞིབ་ཅིང་ཕྲ་བའི་སྒོ་ནས་འདི་དང་འདི་ཞེས་བོན་པོའི་ལྟ་སྤྱོད་སྒོམ་གསུམ་ཕྱིན་ཅི་ལོག་ཚུལ་གྱི་འགྲེལ་བཤད་གནད་ལ་ཁེལ་བ་ཞིག་བྱོས་དང་། གལ་སྲིད་དེ་འདྲའི་འགྲེལ་བ་ཡང་དག་ཞིག་ཁྱོད་ལ་བཤད་རྒྱུ་མེད་ན། ཁྱོད་ཀྱི་འཁྲུལ་རྟོག་ལས་བྱུང་པའི་ལོག་བཤད་འདི་ནི། ཕྱོགས་གཅིག་མཐོང་ཡང་གཉིས་མ་མཐོང་བ་གཡག་ཞ་རས་རྩྭ་བཟའ་བ་ནང་བཞིན་འོལ་ཚོད་ཀྱི་གཏམ་ངན་ཞིག་མ་ཡིན་ནམ། དེར་བརྟེན་ད་གཟོད་ཁྱོད་རང་སེམས་ཁམས་གདོན་འདྲེས་བརླམ་པའི་ལོག་ལྟའི་སྒྲོ་སྐུར་དེ་དག་གི་རྣམ་སྨིན་ལྕི་མོ་དེ། ཁྱོད་རང་ཉིད་ཁོ་ནར་མྱོང་རྒྱུ་མ་གཏོགས་གཞན་སུ་ལ་ཕན་པ་དང་སུ་ལ་གནོད་པའི་ནུས་པ་གང་ཡང་མེད་དོ། གང་ཞེ་ན། གསང་སྔགས་ལས། རང་བཞིན་དག་པའི་བོན་ལ་སེམས་གཉིས་ཟ། རང་གཞན་གྲུབ་པའི་མཐའ་ལ་སྨོད་པ་སྟོན། བདེར་གཤེགས་རྒྱལ་བའི་བཀའ་ལ་ར་ཆོད་བྱས། ཟབ་མོ་འདོད་པ་དགུ་འགྱུར་ནོར་ལ་བརྐུས། བཀའ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཞེས་དང་། ཡང་དེ་ཉིད་ལས། ཞེ་སྡང་དབང་གིས་གཞན་གྱི་སྲོག་ཀྱང་བཅད། གཏི་མུག་དབང་གིས་བདེན་རྫུན་ངོ་མ་ཤེས། ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་འདས། འདོད་ཆགས་དབང་གིས་མི་དབང་ནོར་ལ་བརླམ། ཕྲག་དོག་དབང་གིས་ཕ་རོལ་ཡོན་ཏན་སྨད། དུག་ལྔའི་དབང་གྱུར་ཉམས་འགལ་མཐོལ་ལོ་བཤགས། ཞེས་སོགས་གསུངས་པ་ལ་སེམས་དང་། ཉི་ཕུན་གྱི་ལོག་བཤད་འདི་ཡི་ཚད་གཞི་གང་འདྲ་ཞིག་སླེབས་འདུག་མིན་དཔྱོད་ལྡན་རྣམས་ཀྱིས་དག་ཐེར་ཞིག་མཛད་དང་ཀྱེ།
༧བདེན་པའི་ཉི་མ་མཁའ་ནས་ཤར་བ་ལ། རྫུན་པོས་སྤར་མོས་འགེབས་འདོད་མཚང་འདི་སྐྱོ།
རང་ནོར་རང་གིས་ལོངས་སུ་སྤྱད་པ་ལ། རྐུན་པོ་རྫུན་རྐུབ་བརྡོལ་དོག་བློ་སེམས་འཚབ།
བརྐུས་པའི་རྔ་ཆུང་དོང་ཞབས་བརྡུང་ན་ཡང་། གྲགས་པའི་སྐད་གསང་ས་སྟེང་རྣ་བར་འཇེབས།
མི་གཙང་བཤང་ལྕི་ཐལ་བས་བཏུམ་ན་ཡང་། སྐྱུག་བྲོའི་དུག་རླངས་དྲི་འཛིན་ཁམས་ལ་ཁྱབ།
༧གོང་བཤད་ལྟར་ང་ཚོ་བོན་པོའི་རང་གཞུང་རྣལ་མ་ཡིན་པའི་ཐེག་པ་རིམ་དགུའམ་མདོ་སྔགས་སེམས་གསུམ་ཆ་ཚང་བའི་གཞུང་ལུགས་འདི་དག་ལ་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་ལོ་རྒྱུས་ལྡན་ཞིང་། གཡུང་དྲུང་བོན་གྱི་༧སྟོན་པ་སངས་རྒྱས་༧གཤེན་རབ་མི་བོ་ཆེ་མཆོག་གི་དགོངས་དོན་དང་ཞལ་གསུངས་ཁོ་ན་ཡིན་པ་མ་གཏོགས། གྲུབ་མཐའ་གཞན་པ་དང་གང་ཟག་གཞན་པ་སུ་དང་གང་གིས་བཟོས་པ་ཞིག་མ་ཡིན་ལ་དེ་དག་གི་ལྟ་གྲུབ་ལ་སོགས་པའི་ཤན་ཞུགས་པ་ཞིག་ནི་དེ་བས་ཀྱང་མ་ལགས་སོ།
༧ཐུབ་པ་དབང་པོའི་མཚན་དཔེའི་ཟླ་གཞོན་དེ། འཕགས་པའི་ཞིང་ལ་འཛུམ་ཞལ་མ་བཞད་གོང་།
ཁ་བའི་ལྗོངས་ལ་མདོ་སྔགས་སེམས་གསུམ་གྱི། བསྟན་པའི་གསལ་བྱེད་གཡུང་དྲུང་བོན་བསྟན་ཡོད།
སྤུ་རྒྱལ་བཙནད་པོའི་རྒྱལ་སྲིད་གཏོར་བའི་རྗེས།བརྡོལ་འཁྱལ་བསྒྱུར་གསུམ་ཞེས་པའི་བརྡ་གསར་དེས། གངས་དཀར་ལྷུན་པོའི་ཕ་ཚ་བུ་རྒྱུད་རྣམས། ནང་ཤི་དམེ་འཁྲུགས་དར་བའི་མཛད་རྗེས་བཞགས།
༧ཡང་ཅིག་ཉོན་དང་ཁ་ཕོད་ཚིག་ཕོད་ཅན་ཁོ་རེ། ཁྱོད་དང་ཁྱོད་འདྲའི་ཉུང་ཤས་ཞིག་གིས་སྔ་ཕྱི་ཐོག་མཐའ་བར་གསུམ་ལ། ཕྱི་ཚུལ་དུ་བབས་ཆགས་ཤིང་ཡིན་མདོག་ཁ་བའི་ཆོས་གོས་ཤིག་གྱོན། ཁ་ནས་མ་གྱུར་འགྲོ་བ་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཁུལ་གྱི་ཆོས་བཤད་ཀྱང་བྱེད། ནང་སེམས་ཁམས་ལ་གྲུབ་མཐའི་འཁོན་འཛིན་དང་རང་ཁེ་གཞན་ཕམ་གྱི་རྟོག་པ་སྲ་ཞིག་མཁྲེགས་པ་ཞིག་སྦས་ཏེ། ལས་འབྲས་ལ་ཁྱད་གསོད། ལུང་རིག་ལ་རྡོག་བརྫིས་བཏང་སྟེ། མཆོག་གསུམ་སྐྱབས་གནས་མཐར་ཐུག་ཏུ་འཛིན་པ་དང་། བཀའ་རྟགས་ཀྱི་ཕྱག་རྒྱ་རྣམ་བཞི་སྙིང་དབུས་སུ་དམ་དུ་འཆང་བའི་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་འདི་ཉིད། ཡིན་གཅིག་མིན་གཅིག་ཕྱི་རོལ་མུ་སྟེགས་པའི་གྲལ་དུ་བཙན་དབང་གིས་བརྫངས་དགོས་པའི་རྒྱུ་མཚན་ཅི་འདྲ་ཞིག་ལ་ཐུག་ཡོད་རེད། དེ་ལྟར་ཐུབ་ན་ཁྱོད་ཚོ་ལ་ཁེ་ཕན་གང་འདྲ་ཞིག་རག་གི་ཡོད་རེད། དེ་མ་ཐུབ་ན་གལ་པོ་ཆེའི་རྩ་དོན་ཇི་འདྲ་ཞིག་དང་འགལ་འགྲོ་བ་རེད། དམ་བཅས་པ་གང་འདྲ་ཞིག་ཤོར་འགྲོ་བ་རེད། གཞན་ལ་སྐྱོན་བརྗོད་དགོས་ན་ཕ་རོལ་པོ་དེ་ལ་རྒྱུས་མངའ་ཕྲན་བུ་ཙམ་ཡང་མེད་ན་མུན་པར་མཛུབ་སྟོན་བྱེད་པ་དང་ཁྱད་པར་ཅི་ཞིག་ཡོད། ཡང་ན་ཁྱོད་ཚོས་འུ་ཐུག་ཐབས་ཟད་དང་ངོ་ཚ་ཁྲེལ་མེད་ཀྱི་སྒོ་ནས། མི་གཞན་པ་དང་གྲུབ་མཐའ་གཞན་པས་བཤད་པའི་བདེན་དོན་ལ་ཡང་དག་མིན་མ་བལྟོས་པར། ཡིན་གཅིག་མིན་གཅིག་ཁྱོད་རང་ཚོའི་འདོད་བློ་ལྟར་ཉན་དགོས་ཟེར་རྒྱུ་ཡིན་ནམ། དེ་ལྟར་མིན་ན་ཁྱོད་ཚོས་དོན་མེད་ཀྱི་འཁྱལ་གཏམ་བཤད་ཅི་ཐུབ་བྱེད་ཅིང་། དམངས་ཀྱི་སེམས་པ་དཀྲུགས་པ། གྲུབ་མཐའི་མཛའ་མཐུན་གཏོར་བ། ཁ་བ་གངས་རིའི་སྤུན་ཟླའི་དུང་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཏེ། བོད་ཁམས་འདི་ཉིད་ཁ་འཐོར་དགུ་འཐོར་དུ་གཏོང་བའི་སྡིག་ཉེས་དང། སྙིང་རྗེ་མེད་པའི་བྱ་སྤྱོད་སྐྱུག་བྲོ་བ་དེ་མཚམས་འཇོག་མི་བྱེད་པའི་དོན་ཅི་ཡིན་ནམ། ད་དུང་བཤད་རྒྱུར་ཁྱོད་ཚོའི་སྡུག་ཁ་དམ་པོར་བཙུམས་དགོས་པ་ལས། རང་སྣང་གང་ཤར་དང་། ས་བཤད་རྡོ་བཤད་ཀྱི་གཏམ་འཆལ་ཇི་སྙེད་མུ་མཐུད་དུ་བཤད་ཀྱིན་ཡོད་ན་ལུགས་གཉིས་ཀྱིས་དཀྲིས་པའི་འགན་འཁྲི་ཡོངས་རྫོགས་ཁྱོད་ཚོས་འཁུར་དགོས་པར་སོམས་ཤིགས།
སྨྲས་པ། ཉི༵་ནུབ་མུན་པ་ནག་པོའི་རང་མདངས་དང་།
མ༵་རིག་སྨྲག་རུམ་སྟུག་པོའི་དཔུང་ཚོགས་ཀྱིས།
ཕུན༵་ཚོགས་ཡོན་ཏན་དཀར་པོའི་རང་ཞལ་སྒྲིབ།
ཚོག༵ས་གཉིས་མ་བསགས་ལས་ངན་སྡིག་ཏོ་ཅན།
- ཟིན་ཐོ་གོང་མ།སྐྱོ་གླུ།
- ཟིན་ཐོ་འོག་མ།སྔར་སོང་རྗེས་དྲན་དང་མ་འོངས་རེ་བ།
སེར་བྱེས་དགེ་བཤེས་ཉི་མ་ཕུན་ཚོགས་ཁྱོད།
ཁ་པར་རྒྱུད་ནས་བསླུ་ཁྲིད་དགེ་མ་མཐོང་།
འཁྲུལ་ངག་གཡུང་དྲུང་བོན་ལ་འགྱོད་བཤགས་ན།
འགྲོ་བ་ཀུན་ལ་ཕན་པའི་དེབ་ཆུང་ཕུལ།
སྤེན་པ་རྒྱལ་མཚན་ནས།
སེར་བྱེས་དགེ་བཤེས་ཉི་མ་ཕུན་ཚོགས་ཁྱོད།
ཁ་པར་རྒྱུད་ནས་བསླུ་ཁྲིད་དགེ་མ་མཐོང་།
འཁྲུལ་ངག་གཡུང་དྲུང་བོན་ལ་འགྱོད་བཤགས་ན།
འགྲོ་བ་ཀུན་ལ་ཕན་པའི་དེབ་ཆུང་ཕུལ།
སྤེ་པ་རྒྱལ་མཚན་ནས།
དེ་མ་ཡིན་པར་དེ་སྔོན་ལུང་ཁུག་གམ་དགོན་ཆུང་ཞིག་ཏུ་དད་པ་ཁོ་ན་ལས་ལོ་རྒྱུས་མི་ཤེས་པའི་གང་ཟག་ཁག་ཅིག་ལ་ལོག་བཤད་ངན་པ་ལང་ཤོར་གཏམ་ངན་ཞིག་འཇང་དགུན་ཆོས་སྐབས་འུར་སྒྲོགས་བྱས་ཏེ་ཟེར་སྡེར་གང་སར་སྤེལ་འདུག་པ་དེ་ང་ཚོས་བོན་པོ་ཚོའི་སེམས་ལ་བཟོད་ཐབས་བྲལ་བའི་བརྙས་བཅོས་ཚད་མེད་ཡིན་ལ་།ཆོས་ལུགས་འདྲ་མཉམ་གྱི་སྲིད་ཇུས་རྡོག་རུལ་བཏང་བ་ཞིག་ཡིན་པ་དང་།བློ་གཟུ་བོར་གནས་པའི་གངས་ཅན་པའི་རྩེ་སེམས་ལ་རྨ་ཁ་བཟོས་པ་ཞིག་ཡིན་སྟབས་ལུགས་གཉིས་གང་ལ་གཞིག་ན་སྡིག་ཉེས་ཚབ་ཆེན་དེ་སུས་ཀྱང་ཁས་ལེན་ཐབས་བྲལ་འདུག་པར་བརྟེན།བསྒྲལ་བའི་ཞིང་བཅུར་ཚུད་པའི་སེམས་ཅན་ཁྱོད།་ལུགས་གཉིས་ཁྲིམས་སར་རང་བྱས་འབྲས་བུའི་བྲོ་བ་མྱོང་པ་ལ་སྔ་ཕྱི་མེད་པ་ཡིད་བཞག་བྱོས་ཤིག ཅེས་པའི་གཏམ་འདི་དཔྱད་གཏམ་པ་ཁྱེད་ཉི་ཕུན་ལ་གསུངས་རོག་ཞུ་ཞེས་དགོས་འདོད་ཀུན་འབྱུང་ནས་འཕྲིན་ཚབ་དུ་བྲིས།