༧ སྐྱབས་མཆོག་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེས་སྔ་རྗེས་རྣམས་སུ་མཛད་པའི་ཞལ་གདམས་དང་མགུར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས།
༄༅། །དཔའ་བོ་རྒྱ་མཚོའི་དབུས་ན་ལྷང་ངེ་བ། །རྒྱལ་ཀུན་ངོ་བོ་དྲན་པ་ནམ་མཁའ་མཁྱེན། །གསང་ཆེན་ཡོངས་རྩེ་བླ་མེད་དགོངས་ཟབ་མཆོག །སྐད་ཅིག་ཐོག་བབ་ཆེན་པོར་བྱིན་གྱིས་རློབས།
།ཡོངས་རྩེའི་རྣལ་འབྱོར་སེང་གེའི་སྲས། །རྩེ་རྒྱལ་ཉམས་དབྱངས་གད་སྒྱངས་འཁྲོལ། །རྩོལ་བློ་ཇི་ལྟར་བསམ་ཡང་ཕྱོགས་ཙམ་མཐོང་བ་མེད་ཅིང་།
།མ་བསམ་བབས་སུ་བཞག་པས་རིག་པ་སྤྱི་བླུགས་སུ་ཤར་བ་ཧ་ཧཱ། །དེ་ཉིད་མན་ངག་ཏུ་ཟབ་ཀྱང་གཞན་གྱིས་དེ་ལ་གཡང་སར་མཐོང་བ་ཧ་ཧཱ།
།སྒྲིབ་བྱེད་སྤུ་ཙམ་མེད་པར་རང་རིག་ཡེ་ནས་འགྲོགས་འདི། ཀུན་གྱིས་མཐོང་བ་མེད་པར་ཧ་ཧཱ། །བློ་ཡི་ངང་ནས་བསམ་ན་བཟང་ངན་སྣ་ཚོགས་མཐོང་ཡང་།
།རང་རིག་ཀློང་ནས་བལྟས་ན་བཟང་ངན་གྲོལ་འཁྲུལ་མེད་པར་ཧ་ཧཱ། །གྲགས་གཡེར་ཤིན་ཏུ་ཆེ་བའི་རང་བྱུང་ཡེ་ཤེས། །ད་ལྟའི་རིག་པ་རྗེན་པ་འདི་ཉིད་ཡིན་ཀྱང་།
།དེ་ལ་ཡིད་མ་ཆེས་པ་ཧ་ཧཱ། བསྐལ་པ་གྲངས་མེད་རིམ་བརྒྱད་རྩོལ་བའི་ལམ་གྱིས་ཕྱིན་ཡང་འཛིན་པ་ཉིད་ལས་དཔག་པར་དཀའ་ཞིང་།
རང་བབ་གཅེར་བཞག་གཅིག་གིས། མ་བསྒྲོད་ས་ཀུན་ནོན་པ་ཧ་ཧཱ།
ཧོར་སློབ་སངས་རྒྱས་བསྟན་འཛིན་ནས་གསུངས་སོ། །བསྐལ་པའི་མེ་ཡིས་འབྱུང་བཞི་བསྲེགས་པའི་ཐར།
མཚན་མེད་ནམ་མཁའ་གཅིག་པུར་གསལ་བ་ལྟར། བཅུ་དྲུག་དགའ་བས་རྟོག་ཚོགས་གཞོམ་པའི་མཐུས། ལྷན་སྐྱེས་ཡེ་ཤེས་སྤྱི་བླུགས་ཉིད་དུ་ཤར།སངས་རྒྱས་བསྟན་འཛིན་གྱིས་གསུངས་སོ། །ནམ་མཁའ་ནམ་མཁར་བལྟས་པ་ན། སྟོང་གསལ་ཁྱབ་གདལ་ཆེན་པོ་ལས། མཐོང་དང་མ་མཐོང་གཉིས་མེད་ལྟར།དེ་བཞིན་སེམས་ཉིད་ལ་བལྟས་པས།
སྟོང་གསལ་ལྷུན་མཉམ་ཆེན་པོ་ལས། མཐོང་དང་མ་མཐོང་ཐ་སྙད་བྲལ།ནམ་མཁའ་གང་ཡིན་པ་སེམས་ཉིད།
སེམས་ཉིད་གང་ཡིན་ནམ་མཁའ་སྟེ།ནམ་མཁའ་ལས་སེམས་ཉིད་མ་རྙེད། སེམས་ཉིད་ལ་ནམ་མཁའ་མ་རྙེད།འདི་ཞེས་གང་དུ་མ་རྙེད་པས་སྟོང་སེང་ངེ་ལུས་པ་ལ།དོན་གྱི་གནས་ལུགས་དེ་ལས་མེད་པར་ཁོ་ཐག་ཆོད་དགོས་པ་ཡིན་ནོ།
།ཞེས་གསུངས། ཧོར་སློབ་རིན་པོ་ཆེས། དགའ་བཞིའི་བསྐལ་མེ་འབར་བའི་རྣམ་འགྱུར་གྱིས།
རྟོག་ཚོགས་འབྱུང་བཞིའི་བུད་ཤིང་བསྲེགས་པ་ན། ལྷན་སྐྱེས་ཡེ་ཤེས་ནམ་མཁའི་དཀྱིལ་འཁོར་ཉིད།
གང་གི་མ་བསྒྲིབས་མངོན་སུམ་རྗེན་པར་ཤར།ཧོར་སློབ་སངས་རྒྱས་བསྟན་འཛིན་གྱིས་གསུངས་སོ། །ཉི་ཟླའི་མདངས་ལེན་མདངས་འབྱིན་འབར་འོད་ཀྱི་གཟི་ཡིས།
རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རྒྱ་མཚོ་ཡི་ལྷ་ཞལ།མངོན་སུམ་ཉིད་སྟོན་ལམ་ལ་བླུན་རྣམས་ནི་སྐྲགས་ཀྱང་།
བློ་ཆེན་ཀུན་ཀྱང་སེམས་ཉིད་མེད་པར་ནི་ཞུགས་ཤིག །ཅིར་སྣང་ཐམས་ཅད་བོན་ཉིད་གཅེར་མཐོང་གི་ཀློང་ཆེན།ཅི་བསམ་ཀུན་ཀྱང་ཡེ་ཤེས་ཀློང་རྡོལ་གྱི་དགོངས་ཀློང་།
ཅི་ཤར་ཐམས་ཅད་སྤང་མེད་རྒྱན་ཤར་གྱི་མཁའ་ཀློང་།སུ་ཡིས་མ་བྱས་སྐུ་གསུམ་ཡེ་ཐོབ་འདི་ངོ་མཚར།
རང་རིག་ཀ་དག་ནམ་མཁའི་དཀྱིལ་འཁོར་གྱི་ཀློང་ཆེན། རྩལ་ཤར་སྣང་སྲིད་གཞིར་བཞེངས་ཚོགས་ཆེན་གྱི་འཁོར་ལོ།
།ཡིན་ལུགས་སྣང་སྲིད་གཞིར་བཞག་དབྱིངས་སུ་ནི་བཞེས་ཏེ། ཡེ་གྲོལ་སྐུ་གསུམ་ལྷུན་རྫོགས་དངོས་གྲུབ་དེ་སྩོལ་ཤོགཅེས་པ་འདི་ནི་གཡུང་དྲུང་སྤུན་གྲོགས་ལྟ་བུ་ཞིག་དང་ལྷན་དུ་ཚོགས་གླུ་ཞིག་བླངས་པའི་རྨི་སྣང་ལ་བྱུང་བ།
དེ་ཡི་དོན་དང་དབྱངས་ཤིན་ཏུ་སྙན་པས་ཡིད་འཕྲོག་ཏེ་དཔེ་ལ་འབྲི་དགོས་བསམ་ཡང་། དེ་ཡི་དབྱངས་དང་ཚིག་ཀུན་ཕྱིར་ནང་བརྗེད་ནས་འདུག ཅི་བྱེད་མ་རྙེད་ནས་ལག་གི་རྩེད་མོ་བྲིས་པ་དགེ་ལེགས་འཕེལ།
ཞེས་ཧོར་སློབ་སངས་རྒྱས་བསྟན་འཛིན་གྱིས་གསུངས།