རབ་ལེགས་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་མཆོག་གི་མཛད་རྣམ་མདོར་བསྡུས།
བོན་གྱི་༧གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་ནི་སྤྱི་ལོ༡༩༣༠ལོར་མདོ་སྨད་ཤར་དུང་རིའི་མདུན་རྒྱ་བོད་གཉིས་ཀྱི་ས་མཚམས་ཁྲི་རྗེ་ཞེས་པའི་སྡེར་སྐུ་འཁྲུངས།སྐུ་གཞོན་ནུའི་དུས་ནས་བྱམས་དང་སྙིང་རྗེ་ལྡན་ཞིང་། དགུང་ལོ་བརྒྱད་ཀྱི་སྟེང་དུ་རིན་སྤུངས་དགོན་ལ་ཕེབས་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ནས་འགོ་བརྩམས་སྟེ་མདོ་སྔགས་ཀུན་གྱི་ཕྲིན་ལས་སོགས་ལ་མཐར་ཕྱིན་པར་སྦྱངས། དེ་ནས་དགུང་ལོ་བཅུ་གཅིག་སྟེང་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མདུན་ནས་ཚངས་པ་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་ཚུལ་མིང་དུ་ཤེས་རབ་བསྟན་འཛིན་ཞེས་མཚན་གསོལ།དེ་ནས་རིན་སྤུངས་ཨ་ལགས་ཚང་ཤེས་རབ་རྣམ་རྒྱལ་གྱི་མདུན་ནས་དག་ཡིག་ནས་བཟུང་སྟེ་ཐུན་མོངས་ཀྱི་རིག་གནས་སྤྱི་ལ་སྦྱོང་བར་བྱས།དགུང་ལོ་བཅོ་བརྒྱད་སྟེང་དུ་ཀུན་མཁྱེན་ཤར་རྫ་བའི་ཕྱག་སྲོལ་བཞིན་སྒྲུབ་གྲྭ་ལ་ཞུགས་ནསལ་སྔོན་འགྲོ་འབུམ་དགུ་ནས་བསགས་སྦྱོང་དང་ཁྲེགས་ཆོད་ཐོད་རྒལ་རྩ་རླུང་མུན་མཚམས་སོགས་ལ་སྒྲུབ་སྦྱོང་མཛད་དེ་ལོ་ངོ་གསུམ་གྱི་རིང་ལ་ཞུགས།དགུང་ལོ་ཉེར་གཅིག་སྟེང་དགོན་པའི་བཤད་གྲྭའི་ཞུགས་ནས་བསྡུས་གྲྭ་དང་ཚད་མ་ཕར་ཕྱིན་སོགས་ལ་སྦྱོང་། བཤད་གྲྭ་ཞུགས་སྐབས་ཟུར་དུ་སྒྲུབ་གྲྭའི་དཔོན་སློབ་ཀྱི་འགན་བཞེས། དགུང་ལོ་ཉེར་བརྒྱད་སྟེང་བོན་གྱི་གདན་ས་ཁག་ལ་ཕེབས་ནས་དབང་ལུང་ཁྲིད་སོགས་གང་མང་ཞུས་ཤིང་། དེ་ནས་རབ་ལེགས་གཡུང་དྲུང་གླིང་དུ་ཞུགས་ནས་སླར་ཡང་བཤད་གྲྭར་ཞུགས་སྟེ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མཐར་ཕྱིན་པར་བྱས། གཡུང་གླིང་མཁན་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་མདུན་ནས་མདོ་སྔགས་གསང་གསུམ་གྱི་དབང་ལུང་དུ་མ་ཞུས། བར་དེར་སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས་ཀྱི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས། དགུང་ལོ་སོ་དགུ་སྟེང་དུ་དུས་འགྱུར་དབང་གིས་ཁྲིམས་འོག་ཏུ་ལོ་ངོ་བཅུའི་རིང་ལ་དཀའ་ངལ་མཛད།དགུང་ལོ་ལྔ་གཉིས་༼༡༩༨༡༽སྟེང་གཞི་རྩེ་ས་ཁུལ་དང་རང་སྐྱོང་ལྗོངས་སོགས་ལ་སྙན་ཞུ་ཞུས་སྟེ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་ལྟར་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གསར་བཞེངས་ཀྱི་ལས་འགན་བཞེས་ཏེ་སྒྲུབ་ཁང་དང་མཐོང་གྲོལ་ལྷ་ཁང་ཚོགས་ཁང་ཆེན་མོ་སོགས་གསར་བཞེངས་གནང་བར་མཛད། དེང་གི་སྐབས་སུ་གདན་ས་གཡུང་དྲུང་གླིང་ཞེས་ཀུན་གྱིས་མཐོང་ཐོས་སུ་གྱུར་བ་འདི་ཡང་དགེ་སློང་རིན་པོ་ཆེ་ཁོང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། ། སྤྱི་ལོ་༢༠༠༩ལོའི་ཟླ་༡༢ཚེས་༢དང་བོད་ས་གླང་མོ་གླང་གི་ལོ་ཟླ་བ་༡༠བའི་ཚེས་༡༥ཉིན་གཡུང་དྲུང་གླིང་ནས་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས།
- ཟིན་ཐོ་གོང་མ།སྨན་སྒྲུབ་ཆེན་མོ་འཚོགས་རྒྱུའི་གསལ་བརྡ།
- ཟིན་ཐོ་འོག་མ།༧ སྐྱབས་མཆོག་ཡོངས་འཛིན་སངས་རྒྱས་བསྟན་མཆོག་གི་ཞལ་གདམའ་བཞུགས།