བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན།
དེ་ཡང་ཆང་གི་ཉེས་དམིགས་མདོར་བསྡུ་ན། ཆང་གིས་ཕུང་བ་གསུམ་ཡོད་དེ། །ཚེ་འདིའི་རང་སྲིད་ཕུང་། ཕྱི་མའི་བདེ་འབྲས་ཕུང་། ནམ་ཕུག་གི་འདུན་མ་ཕུང་། ཡང་ཆང་གིས་མི་མཐོང་བ་གསུམ་ཡོད་དེ། དམ་པའི་ཡོན་ཏན་མི་མཐོང་། རང་གི་སྐྱོན་མི་མཐོང་། ཉེས་པའི་གནས་མི་མཐོང་། ཡང་ཆང་གིས་མི་དྲན་པ་གསུམ་ཡོད་དེ། བོན་གྱི་བྱིན་རླབས་མི་དྲན། བླ་མའི་བཀའ་དྲིན་མི་དྲན། གྲོགས་ཀྱི་ཁ་ད་མི་དྲན། ཡང་ཆང་གིས་དྲན་པ་གསུམ་ཡོད་དེ། །དགྲ་ལ་ཞེ་སྡང་དྲན། གཉེན་ལ་དགའ་གདུང་དྲན། བུད་མེད་ལ་ཆགས་སྤྱོད་དྲན། ཡང་ཆང་གིས་མི་ཤེས་པ་གསུམ་ཡོད་དེ། དགེ་བའི་ཕན་ཡོན་མི་ཤེས། སྡིག་པའི་ཉེས་དམིགས་མི་ཤེས། བསླབ་པའི་གནང་དགག་མི་ཤེས། ཡང་ཆང་གིས་མི་ཤེས་པ་གསུམ་ཡོད་དེ། གཞན་ངན་བྱེད་ཤེས། ལས་ལ་སྒྱུ་བཙུད་ཤེས། གཏམ་ལ་རྫུན་སྦྱར་ཤེས། ཡང་ཆང་གིས་མི་འབྱེད་པ་གསུམ་ཡོད་དེ། །བཟང་ངན་ཤན་མི་འབྱེད། དགེ་སྡིག་གོ་མི་འབྱེད། ཕྱི་ནང་ཆ་མི་འབྱེད། ཡང་ཆང་གིས་མང་བ་གསུམ་ཡོད་དེ། ལུས་བྱ་བྱེད་མང་། ངག་ལོང་གཏམ་མང་། ཡིད་བསམ་དྲན་མང་། །ཡང་ཆང་གིས་ཉམས་པ་གསུམ་ཡོད་དེ། སོ་ཐར་གྱི་སྡོམ་པ་ཉམས། །བྱང་སེམས་ཀྱི་བསླབ་པ་ཉམས། གསང་སྔགས་ཀྱི་དམ་ཚིག་ཉམས། ཡང་ཆང་གིས་ཤོར་བ་གསུམ་ཡོད་དེ། རང་རྒྱུས་མི་ལ་ཤོར། རང་ནོར་དགྲ་ལ་ཤོར། རང་དབང་འདུད་ལ་ཤོར། ཡང་ཆང་གིས་ཤོར་བ་གསུམ་ཡོད་དེ། རིག་པའི་ཚུགས་ཤོར། གསལ་བའི་མདངས་ཤོར། སྒོམ་པའི་དམིགས་ཤོར། ཡང་ཆང་གིས་ཤོར་བ་གསུམ་ཡོད་དེ། བྱ་ཆའི་དགེ་སྤྱོད་ཤོར། དྲན་དང་ཤེས་བཞིན་ཤོར། དམ་ཚིག་སྡོམ་པ་ཤོར། ཡང་ཆང་གིས་འགག་པ་གསུམ་ཡོད་དེ། དྲན་པའི་སྒོ་འགག སྣང་བའི་ཡུལ་འགག ཤེས་པའི་རྒྱུན་འགག ཡང་ཆང་ལ་དགོས་པ་གསུམ་ཡོད་དེ། ཁ་ལ་དུག་ཆུ་འཐུང་དགོས། སྣ་ལ་དུག་ཐལ་བླུག་དགོས། གྲོགས་སུ་ནག་མོ་བསྟེན་དགོས། ཡང་ཆང་གིས་བསྐྱེད་པ་གསུམ་ཡོད་དེ། ལུས་ལ་ན་ཚ་བསྐྱེད། སེམས་ལ་དུག་ལྔ་བསྐྱེད། ཕྱི་མའི་སྡུག་བསྔལ་བསྐྱེད། ཡང་ཆང་གིས་སྦྱར་བ་གསུམ་ཡོད་དེ། རང་སྡུག་ལ་སྦྱར། གཞན་ཕུང་ལ་སྦྱར། གཉིས་ཀ་སྡིག་ལ་སྦྱར། དེ་ལ་སོགས་ཉེས་པ་ཐམས་ཅད་ཀྱི་གཞི་མ་ཆང་ལ་ཐུག་པས། ཆང་གིས་ཉེས་པ་བཤད་ན་འཛད་པ་མི་འདུག་ཀྱང་རེ་ཞིག་དེ་ཙམ་ལགས། ཅེས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་སྦྱར་བའོ།
- ཟིན་ཐོ་གོང་མ།ཀུན་མཁྱེན་ཟླ་བ་རྒྱལ་མཚན་གྱི་གསོལ་འདེབས་བྱིན་རླབས་ཆར་འབེབ་མ་ཞེས་བྱ་བ།
- ཟིན་ཐོ་འོག་མ།སྒོག་ཙོང་གི་ཉེས་དམིགས།