བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ་དང་། སྡུག་བསྔལ་ཞི་བྱེད་གསོ་བྱེད་དཔྱད་འབུམ་ཁྲ་བོ་དང་། སྡུག་བསྔལ་ཞི་བྱེད་གསོ་བྱེད་ནད་འབུམ་ནག་པོ་ཞེས་བྱ་བ་དང་བཞི་ལས། དང་པོ་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་ནི། སྔོན་རྣམ་མཁྱེན་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་ཞལ་བཞུགས་དུས། འཁོར་གྱི་དམ་དཔྱད་བུ་ཁྲི་ཤེས་ནས་ཞུས་པས་རྒྱལ་བའི་ཞལ་ནས་གསུངས་ཞིང་བྲིས་པས་རིམ་བཞིན་ད་ལྟ་འདི་ལ་ཐུག་གི་པར་དུ་རྒྱུད་རིམ་དང་བྱིན་རླབས་མ་མཉམ་པ་རྗེས་འཛིན་བོན་བན་ཀུན་ལ་ཁྱབ། སེམས་ཅན་ཐམས་ཅད་སྡུག་བསྔལ་ནད་དང་གདུང་བ་ལས་གྲོལ་བའི་བདུད་རྩི་སྨན་དཔྱད་འདི་གཙོ་ཆེ། སྤྱི་ནད་ནི་རླུང་དང་མཁྲིས་པ་བད་ཀན་གསུམ་ལས། སྟོད་སྨད་དང་ཚ་གྲང་དུས་ཚོད་གཅེན་རྩ་གྲོགས་སོགས་ཀྱི་བརྟག་ཐབས་ནི།
ལུས་ཀྱི་བརྟག་ཐབས།
བད་ཀན་ཀླད་པ་ལ་རྟེན་སྟོད་ལ་གནས། མཁྲིས་པ་མཆིན་མཁྲིས་ལ་རྟེན་བར་ན་གནས། རླུང་ནི་དཔྱི་སྐེད་ལ་རྟེན་སྨད་ན་གནས།
དུས་ཚོད་བརྟག་ཐབས།
རླུང་ནད་དབྱར་དུས་དགོང་དང་ཐོ་རངས་ལྡང་། མཁྲིས་པ་སྟོན་དུས་ཉིན་གུང་མཚན་གུང་ལྡང་། བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་།
ཚ་གྲང་གི་བརྟག་ཐབས།
སྐམ་པ་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ། ངད་ཅན་གྲང་བ་རླུང་གི་ཡུལ་ཡིན་ཏེ། རླན་ཅན་སྣུམ་པ་བད་ཀན་ཡུལ་དུ་བཤད།
གཅེན་གྱི་བརྟག་ཚུལ།
རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ། མཁྲིས་པའི་ཆུ་དམར་སེར་རླངས་ཆེ་དྲི་མ་དུག བད་ཀན་ཆུ་ནི་དཀར་ལ་དྲི་རླངས་ཆུང་།
རྩ་ཡི་བརྟག་ཐབས།
རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད། མཁྲིས་པའི་རྩ་ནི་མགྱོགས་རྒྱས་གྲིམ་ལ་འཕར། བད་ཀན་རྩ་ནི་བྱིང་གུད་དལ་བ་འོ།
གྲོགས་དང་ཚ་གྲང་བརྟེན་ཐབས།
རླུང་ལ་དྲོ་སར་ཡིད་འོང་གྲོགས་བསྟེན་ཞིང་། མཁྲིས་པའི་ནད་ལ་བསིལ་ས་དལ་བ་བསྡད། བད་ཀན་ནད་ལ་རྩོལ་བཅག་དྲག་པོར་བརྟེན།
- ཟིན་ཐོ་གོང་མ།ལེགས་བཤད་ལམ་རིམ་བཅུ་གཉིས་རིན་ཆེན་སྐས་ལམ་གྱི་ཚིགས་སུ་བཅད་པ་བཞུགས།
- ཟིན་ཐོ་འོག་མ།ཤར་རྫ་བཀྲ་ཤིས་རྒྱལ་མཚན