མ་ལུས་རྒྱལ་བའི་དགོངས་པ་གཅིག་བསྡུས་པ། །
སྙིགས་མའི་གདུལ་དཀའ་འདུལ་བའི་ཐུགས་རྗེས་ཅན། །
མཚུངས་མེད་དཔལ་ལྡན་བླ་མའི་ཞབས་པད་ལ། །
སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ལོ། །
དེ་ལ་འདིར་རྒྱལ་བའི་བཀའ་ལུང་ཟབ་མོའི་རྗེས་སུ་འབྲང་ནས་སྒོག་པ་དང་ཙོང་ཟོས་པའི་ཉེས་དམིགས་མདོ་བསྡུས་ཙམ་བསྟན་པ་ལ། །སྤྱིར་སྒོག་པ་ལ་རིགས་མང་དུ་ཡོད་ཀྱང་མདོར་བསྡུས་ན་རི་སྒོག་ཀླུང་སྒོག་གཉིས་ལ་འདུས་ཤིང་། དེ་ལ་དྲི་ང་བའི་རིགས་ཐམས་ཅད་དང་ཁྱད་པར་མིའི་ལྡུམ་རར་སྐྱེས་པའི་སྒོག་པ་དང་ཙོང་གི་དྲི་ངན་པ་དེ་དག་ལྷ་རིགས་ཀླུ་རིགས་གཙང་མ་རྣམས་ལ་ཕོག་ནས་ཡ་ང་སྟེ་ཐམས་ཅད་དཔག་ཚད་གཅིག་ཏུ་འཁོར་མི་ནུས་ཤིང་། ལྷ་ཀླུ་བསོད་ནམས་ལྡན་པ་དེ་དག་མ་འཁོར་ན་འཇིག་རྟེན་གྱི་མཐུ་དབང་བསོད་ནམས་ཐམས་ཅད་ཉམས་ནས་ནད་དང་མུ་གེ་ལ་སོགས་མི་འདོད་པ་ཀུན་འབྱུང་སྟེ། དགེ་བའི་ཚོགས་སྒྲུབ་པ་ཉུང་ཞིང་མི་དགེ་བ་ཐམས་ཅད་ཀྱི་ཁ་དར་བར་འགྱུར་བས་ན། ཉེས་པ་ཤིན་ཏུ་ཆེ། འདུལ་བ་ཀུན་ལས་བཏུས་ལས་ཀྱང་། །སྒོག་ཙོང་ཞེས་བྱའི་ཁ་ཟས་འདི། མི་བཟའ་སྤོང་བའི་རྒྱུ་ཡིན་ནོ། །རྣམ་གསུམ་འཁོར་བའི་སེམས་ཅན་ལ། །ལྷ་རིགས་ཀླུ་རིགས་གཙང་མ་རྣམས། །ཟོས་པའི་དྲི་ལ་ཡ་ང་ནས། །དཔག་ཚད་གཅིག་ཏུ་འཁོར་མི་ནུས། །ལྷ་ཀླུ་བསོད་ལྡན་མ་འཁོར་སྐྱོན་དེ་ཡིས། །འཇིག་རྟེན་མཐུ་དང་བསོད་ལྡན་དངོས་གྲུབ་ཆུང་། །ཞེས་གསུངས་པ་དང་། དེར་མ་ཟད་སྒོག་པ་དང་ཙོང་ནི་འདུ་བ་རྣམ་པ་བཞིའི་ནད་དང་མཐུན་པ་ཉུང་ཕྱིར། སྒོག་ཙོང་ཟོས་པས་ནད་ཚབས་ཆེན་གློ་བུར་དུ་ལྡང་ནས་འཆི་བའི་རྐྱེན་དུ་འགྱུར་བ་དང་། སྒོག་ཙོང་ཟོས་པའི་མི། བདེ་གཤེགས་ཀྱི་རྟེན་ལ་སོགས་བཞུགས་པའི་ལྷའི་ཕོ་བྲང་དུ་ཕྱིན་ནས་དྲི་ང་བའི་དྲི་དེས་ཕོག་པ་ན་སྐྱེ་བ་ལྔ་བརྒྱའི་བར་དུ་བསྭེ་དྲི་ཅན་དུ་སྐྱེ་བ་བརྒྱུད་པར་འགྱུར་ཏེ། འདུལ་རྒྱུད་ལས། བདེ་བར་གཤེགས་པའི་བཞུགས་གནས་ལྷའི་ཕོ་བྲང་དུ། །ཕྱིན་ནས་དྲི་ང་བའི་དྲི་དེས་ཕོག་པ་ཡང་། །སྐྱེ་བ་ལྔ་བརྒྱར་བསྭེ་དྲི་ཅན་དུ་སྐྱེ། །དེའི་ཕྱིར་སྒོག་ཙོང་ཁ་ཟས་མི་བཟའ་གཏན་དུ་སྤང་། །ཞེས་གསུངས་སོ། ད་ལྟ་མིའི་ནང་དུ་མི་ལ་ལ་ཞིག་ལ་དྲི་ངན་པ་བྲོ་བ་དེ་དག་ཀྱང་སྔར་སྒོག་ཙོང་ཟོས་པའི་ཉེས་དམིགས་དུ་མངོན་ཞིང་། །གཞན་ཡང་མིའི་ལུས་ལ་སྲིན་གྱི་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་རེ་ཡོད་པ་དེ་དག་ཀུན་ཀྱང་སྒོག་པ་དང་ཙོང་ཟོས་པས་ལ་ལ་ན། ལ་ལ་འཆི་སྟེ་སྡུག་བསྔལ་གྱིས་གདུངས་བས་ཉེས་པ་དཔག་ཏུ་མེད་པ་ཡོད་དེ། འདུལ་བ་ཀུན་ལས་བཏུས་ལས། སྒོག་དང་ཙོང་གི་ཁ་ཟས་ཟོས་པ་ན། །སྲིན་གྱི་གྲོང་ཁྱེར་མང་པོ་ཐམས་ཅད་ཀུན། །ལ་ལ་ན་གྱིན་ལ་ལ་འཆི་བར་འགྱུར་། ཞེས་གསུངས། དེར་མ་ཟད་དུད་འགྲོ་ལ་སོགས་སེམས་ཅན་ཕྱི་མས་ཟོས་ཀྱང་ལྷག་པར་རྨོངས་འཐིབས་ལ་སོགས་ཉེས་པ་ཆེན་པོ་འབྱུང་བ་སྟེ། དེ་དག་བསྲུང་བའི་སྐལ་པ་དང་མི་ལྡན་ཞིང་། །རང་རེ་མི་སྨྲ་བསམ་དབང་དང་ལྡན་པ་རྣམས་ནི་དེ་དག་བསྲུང་བའི་སྐལ་བ་དང་ལྡན་པས་ན། སྒོག་པ་དང་ཙོང་ལ་སོགས་དྲི་ང་བའི་སྒོག་རིགས་ཐམས་ཅད་མི་བཟའ་བར་སྤང་ནུས་ན། །བསོད་ནམས་དང་ཕན་ཡོན་རྒྱ་ཆེན་པོ་ཡོད་པ་བདག་ཅག་གི་སྟོན་པའི་ཞལ་གྱིས་བཞེས་པ་ཡིན་ཏེ། སྨྲ་བསམ་དབང་དང་ལྡན་པའི་མི་རྣམས་ཀུན། །སྒོག་དང་ཙོང་གི་ཁ་ཟས་བགག་པ་ན། །ཤིན་ཏུ་བསོད་ནམས་ཆེ་བ་བདག་གིས་བསྟན། །ཞེས་གསུངས་སོ། འདུལ་བ་དབྱིངས་དག་ལས། དཔེར་ན་ལྷ་ཡུལ་སྲིན་གྱིས་བཅོམ་ཀྱང་། །སྒོག་ཟན་ར་མདར་འོང་མི་དབང་བ་གསུངས་ཤིང་། །གཞན་ཡང་ལུང་ཀུན་ནས་ཉེས་པ་ཆེ་བ་གསུངས་པས། གཏན་དུ་སྤང་བ་གལ་ཆེའོ། །ཞེས་སྒོག་ཙོང་གི་ཉེས་དམིགས་མདོར་བསྡུས་པ་འདིའང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གི་ཞལ་གདམས་ནས་དྲངས། །
- ཟིན་ཐོ་གོང་མ།ཆང་གི་ཉེས་དམིགས་བཞུགས།
- ཟིན་ཐོ་འོག་མ།སྨན་སྒྲུབ་ཆེན་མོ་འཚོགས་རྒྱུའི་གསལ་བརྡ།