༄༅།། ལོ་སྐོར་བཅུ་གཉིས་ལ་སྦྱར་བའི་ལེགས་བཤད་
ཕལ་པའི་ཐོལ་གཏམ་ཞེས་བྱ་བ་
བཞུགས་སོ།།
བྱི་བ།
བྱི་བས་རང་ལས་མ་བྱས་པར།། གཞན་རྒྱུ་བརྐུས་ནས་ཟོས་ནའང་།།
སྐྲག་ཅིང་འདར་བས་གཟིར་བ་ལྟར།། ལས་ངན་བྱ་བས་དུས་མ་བདའ།།
གླང་།
གླང་ནི་གླེན་ཞིང་ལྐུགས་པར་བརྟེན།། བརྗོད་དོན་གོ་བ་མ་ལོན་པས།།
དབྱུག་གུས་བརྡུངས་ཀྱང་རང་རེ་མིར།།འཆད་པའི་ཚེ་ན་ལེགས་པར་ཉོན།།
སྟག
སྟག་རྒོད་དཔའ་རྩལ་ཆེ་ན་ཡང་།། ངར་ལ་ཚོད་འཛིན་མེད་པས་རྐྱེན།།
རྔོན་པའི་མདའ་ཁར་ཤི་བ་བཞིན།། ཁོང་ཁྲོ་ཆེ་ན་རང་རྒྱུད་བསྲེགས།།
ཡོས།
ཡོས་བུ་གཉིད་དུ་ཤོར་ན་ཡང་།། མིག་ནི་གདངས་ནས་ལྟ་བ་བཞིན།།
རང་རེས་བྱ་བ་གང་སྒྲུབ་རུང་།། གཟབ་ནན་བསམ་བློ་དོར་མི་རུང་།།
འབྲུག
གཡུ་འབྲུག་སྔོན་མོའི་ངར་སྐད་དེ།།གནམ་གྱི་མཐའ་ནས་གྲགས་པ་བཞིན།།
སྐྱེས་པ་ཕོ་ཡི་གཡེར་པོ་དེ།། ས་ཡི་མཐའ་ནས་གྲགས་པ་དགོས།།
སྦྲུལ།
སྦྲུལ་གྱིས་གཞན་གནོད་དུག་ལྕེ་ནི།། ཕྱི་རུ་སྟོན་ཅིང་རྐང་ལག་ནི།།
རྟག་ཏུ་ནང་དུ་སྦས་པ་བཞིན།། ཕན་གནོད་བེད་སྤྱོད་འཆོལ་མི་རུང་།།
རྟ།
སྒལ་རྨ་བྱུང་བའི་རྟ་རྒན་ལ།། ཕར་ལ་སྨན་བཅོས་བྱས་ན་ཡང་།།
ཚུར་ལ་འཕྲ་ཐོ་བཞུ་བ་བཞིན།། དྲིན་ལན་ལོག་འཇལ་བྱེད་མི་རུང་།།
ལུག
གཡང་དཀར་ལུག་གི་ལུས་ཀྱི་བལ།།ཐམས་ཅད་འཐོག་ཅིང་འབྲེག་ན་ཡང་།།
ཤིག་སྲོ་འཕྲུག་བྱུང་སྙམ་པ་བཞིན།། ངན་པ་བཟང་དུ་གོ་མི་རུང་།།
སྤྲེལ།
སྤུ་སེར་རྐུབ་དམར་སྤྲེལ་གྱི་རིགས།། གླིང་ཁའི་ནང་དུ་སླེབས་ཙ་ན།།
མིག་མཐོང་ལག་གཡུགས་བྱེད་པ་ལྟར།། ཨ་གསར་ཧོལ་རྒྱུག་ཆེ་མི་རུང་།།
བྱ།
བྱ་རྒྱལ་ཁྱུང་བཞིན་རྩལ་ཆེ་ཞིང་།།འཕུར་ས་ནམ་མཁའི་དབྱིངས་ཡིན་ཡང་།།
འབབ་ས་དོགས་མོ་ས་ཡིན་པས།། དར་དུས་དྲེགས་པ་ཆེ་མི་རུང་།།
ཁྱི།
ཆུང་ནས་གསོས་པའི་ཁྱི་རྒན་དེས།། བདག་པོ་ཕྱུག་དབུལ་ཅི་བྱུང་རུང་།།
སྒོ་ཁར་ཉལ་ཅིང་སྲུང་བ་བཞིན།། གཞུང་རྒྱུད་དྲང་ལ་བརྟན་པ་དགོས།།
ཕག
ཟེ་བ་ཅན་གྱི་ཕག་པ་ནི།། ཟ་ཉལ་ཁོ་ནར་ཆགས་པའི་འབྲས།།
ཚོ་ཆེས་པ་ན་བཤས་པ་བཞིན།། སྒྱིད་ལུག་ལེ་ལོ་རྒུད་པའི་གཞི།།
ལྷ་ལྡན་ཞིང་ནས་ཁྱུང་པོ་དཔལ་རྒྱལ་འབོད་པ་དེས་རབ་བྱུང་
བཅུ་བདུན་པའི་བོད་ལྕགས་མོ་ཡོས་ལོའི་འབྲུག་ཟླར་སྦྱར་བ་དགེའོ།།