‘‘མི་གོ་བ་ཅན་ལ་ཚིག་གཅིག’’
འཇིགས་རུང་རྩུབ་མོའི་མཚོན་རྩེ་སྐུ་ལ་གཏད་ཚེ།།
ཞི་དུལ་བརྩེ་བའི་འཛུམ་གྱིས་ལེགས་སྐྱེས་ཕུལ་ཏེ།།
སྟོབས་ཆེན་བདུད་རིགས་མཐའ་དག་འཁོར་དུ་བསྡུས་པའི།།
ཐབས་མཁས་ཐུགས་རྗེ་ཅན་དེ་གང་ན་བཞུགས་སམ།།
འདི་ན་ནགས་ཚལ་ཁྲོད་ཀྱི་རྔམ་ཆེན་སྟག་མོ།།
མི་ཁྲག་དམར་འཇང་བྱེད་པའི་ཧམ་སེམས་དེ་ཡིས།།
ངར་སྒྲས་རི་ཀླུང་བཀང་བའི་ཚུལ་དེ་གཟིགས་ན།།
སྐྱོ་བའི་སྤྱན་ཆབ་མི་འཆོར་རང་དབང་ཡོད་དམ།།
མཐོང་ཐོས་གཟུགས་སྟོབས་ཞན་པའི་བློ་ཆུང་རི་བོང་།།
ཡ་ཀའི་ཨ་སྔོན་གནམ་དེ་དེབ་ཀྱིས་དོགས་ནས།།
དོན་མེད་སྐད་ཅོར་རྒྱབ་པའི་བྱས་ཉེན་དེ་ཡིས།།
ལྷ་ཀླུ་གཞི་བདག་ཐམས་ཅད་ཁྲག་བཞིན་དཀྲུགས་སོང་།།
ཁྲེལ་མེད་གཡོ་སྒྱུ་ཅན་གྱི་མིག་སེར་འུག་པས།།
ཉིན་བྱེད་ནུབ་རིར་བཞུད་པའི་སྐབས་དང་བསྟུན་ཏེ།།
ཉམ་ཆུང་བྱ་རོག་འགྲོ་བའི་ཤུལ་ལམ་བཀག་དུས།།
རེ་བ་ལྷ་ལ་བཅོལ་ཡང་དོན་འབྲས་མ་སྨིན།།
ཁ་མཛེས་ཁོག་ནག་ཅན་གྱི་སྒམ་འཁྱེར་ཕ་ཝང་།།
བྱ་བརྒྱའི་མདུན་མ་གླེང་སའི་གྲོས་རར་སླེབས་དུས།།
ལྷག་བསམ་སྤྱི་སེམས་ཅན་གྱི་གདོང་འབག་གྱོན་ནས།།
ཉེས་མེད་སྒུམ་ཐུས་ཤིག་ལ་ཆད་པ་བཀལ་སོང་།།
ལྟས་ངན་ཁྭ་ཏ་རོག་པོའི་ཨག་སྐད་ཚ་བོས།།
སྒོམ་ཆེན་ཏིང་འཛིན་མལ་ནས་བཙན་ཕུད་བྱས་སོང་།།
ཕྲག་དོག་རྒྱ་མཚོའི་རྦ་རླབས་འཕྱུར་ཐེངས་གཅིག་གིས།།
རེ་བའི་ཕ་མཁར་དམར་པོ་རྨིང་ནས་བསྒྱེལ་སོང་།།
བློ་སྙིང་བྲང་གསུམ་གཏད་སའི་རི་རྒྱལ་མགུལ་ནས།།
ངམ་ནག་ཤྭ་འོད་དྲག་པོ་ཐོལ་གྱིས་བརྡོལ་ཏེ།།
སེམས་ཀྱི་བུ་ཆུང་འཁོར་སའི་གནས་གཞི་བརླགས་དུས།།
འདས་ལམ་ཕྱི་མིག་ཅེར་བཞིན་ཡི་ག་ལྡོག་སོང་།།
ཕྱི་མཛེས་འཇའ་ཚོན་བཀྲ་བའི་ཨ་བུ་ནེ་ཙོ།།
མ་ཏྲི་འུར་འདོན་བྱེད་པའི་བར་གསེང་རྣམས་སུ།།
འབུ་སྲིན་བསྟུན་མར་ཟ་བའི་ཚུལ་དེ་མཐོང་དུས།།
རྣམ་རྟོག་རི་བོ་ལྟ་བུ་ཐོལ་གྱི་ལྡང་བྱུང་།།
སྤྲིན་པ་ཅི་ཡང་མེད་པའི་བར་སྣང་དབྱིངས་ནས།།
ངར་ཆེན་འབྲུག་མོ་ཁྲོས་པའི་གད་རྒྱང་ཐོས་དུས།།
ལྷ་འདྲེ་གང་རུང་ཞིག་གི་ཆོ་འཕྲུལ་ཙམ་ལས།།
ཐོག་སེར་མགོ་ལ་ཁེལ་བའི་འཇིགས་སྣང་མ་བྱུང་།།
ལྷག་རླུང་གྲང་རེག་རྒོད་པའི་དགུན་གཞུང་ཞིག་ལ།།
མདངས་མཛེས་མེ་ཏོག་རྐང་གཅིག་ཧུབ་ཏེ་སྐྱེས་ཚེ།།
ཀླུ་བདུད་གདོལ་པ་འགྲས་པའི་སྔ་ལྟས་ཙམ་ལས།།
ལྷ་ལ་མཆོད་པ་འབུལ་བའི་རེ་བ་མ་བྱུང་།།
དམར་ནག་གྲ་ལོ་རྒྱས་པའི་ཝ་མོའི་མཇུག་མ།།
རྐྱེན་བཟང་རླུང་དང་འཕྲད་ཚེ་སྦོམ་མདོག་ཁ་ཡང་།།
ལན་གཅིག་ལག་ཏུ་འཆང་བའི་རང་གཤིས་གསོན་པོ།།
བསམ་བཞིན་སྤོབས་པ་ཞུམ་པའི་གོ་སྐབས་མ་བྱུང་།།
གངས་ཁྲོད་ལྷོད་པོར་འགྱིངས་བའི་སེང་ཆེན་དར་མ།།
ང་རྒྱལ་རལ་པ་མཐུག་པོས་མིག་གཉིས་སྒྲིབ་ནས།།
སྔ་ཕྱིའི་ལམ་བུ་མ་མཐོང་གཡང་ལ་མཆོང་ན།།
སྙིང་རྗེས་སྤྱན་ཆབ་འཆོར་བའི་གྲོགས་ཤིག་ཡོད་དམ།།
ལས་འབྲས་སྒྲུང་དུ་རློམས་པའི་སྤྱི་ཚོགས་འདི་ན།།
ལྷ་བདུད་འདྲེས་མའི་ཆོ་འཕྲུལ་སྣ་ཚོགས་ཤིག་གིས།།
མགོ་བོ་རྨོངས་སུ་འཇུག་པའི་གནས་ཚུལ་མཐའ་དག །
བྲིས་ན་གླེགས་བམ་བྲག་རིའི་དཔང་ལས་མཐོ་བ།།
ཇི་སྲིད་ཉོན་མོངས་ཆུ་རྒྱུན་མ་ཆད་བར་དུ།།
དེ་སྲིད་རྣམ་རྟོག་རླབས་ཕྲེང་རྫོགས་མཐའ་མེད་པ།།
འཇིག་རྟེན་འཁོར་བ་འདི་ཡི་གཤིས་སུ་སྣང་བས།།
མཐའ་དག་བདེན་པར་འཛིན་པ་སྨྱོ་བའི་རྒྱུ་ཡིན།།
ཞེས་སྤུ་བླ་གཡུང་སྐལ་དུ་འབོད་པས་མཐོང་ཐོས་ཀྱི་རྣམ་པ་དུ་མ་ཡིད་ལ་བྱས་ཏེ་རང་གནས་གཉིས་པ་བདེ་ལྡན་བསིལ་བ་ཚལ་གྱི་དབེན་གནས་སུ་བྲིས་པ་ཐ་ཚན་མུ་ཙུག་སྨར། ཝེར་གྱེར་རོ།
- ཟིན་ཐོ་གོང་མ།བྱམས་མའི་སྔགས་བསྟོད་ཀྱི་འགྲེལ།
- ཟིན་ཐོ་འོག་མ།རྗེ་བཙུན་སྒྲོལ་མ།
ལྷན་རྒྱས་གཉིས་ནས་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ། རྗེས་སུ་མུ་འཐུད་དེ་ཕེབས་པར་དགའ་བསུ་ཞུ།