སུན་སྣང་སྐྱེས།
ཤི་བོའི་རྣམ་ཤེས་མི་མངོན་དབྱིངས་སུ་ཐིམ།།
གསོན་པོའི་ངུ་ངག་སྤྱང་ལྟོགས་སྐད་དང་བསྡེབས།།
བསྐྱེད་རྫོགས་ཏིང་འཛིན་བྲལ་བའི་སྒྲུབ་གཤེན་བདག །
ལུས་སེམས་བདེ་བའི་མལ་ལ་གཉིད་ཐབས་བྲལ།།
མི་ཚེ་གང་པོར་དཀའ་བ་བརྒྱས་བསྒྲུབས་པའི།།
བསགས་པའི་ནོར་རྫས་རི་བོ་ཤུལ་དུ་ལུས།།
གཅིག་པུར་འཇིགས་རུང་གཤིན་རྗེའི་འཕྲང་ལམ་དུ།།
དབང་མེད་ལས་ཀྱིས་དེད་པའི་ཚུལ་འདི་སྐྱོ།།
ཁྱོད་ཉིད་ཕྱི་མར་བཞུད་པའི་ཉིན་མོ་ནས།།
བུ་སྤུན་གཉེན་ཉེའི་བར་ལ་འཁྲུག་འཛིང་ཞིག །
ཁྱིམ་མཚེས་རུ་སྡེའི་ནང་ལ་མི་ཁ་ཞིག །
མར་མེ་བརྒྱ་མཆོད་དེ་ལ་སེར་སྣ་ཞིག །
འདྲེན་སྟོན་བླ་མ་དེ་ལ་ཡིད་ཆེས་བྲལ།།
གང་འབྱོར་མཆོད་པ་དེ་ལ་དག་སྣང་མེད།།
ཤི་མིག་གསོན་ལ་བལྟས་པའི་ཚེ་འདས་ཀྱི།།
ལས་དབང་སྐྱོ་པོ་དེ་ལ་སེམས་པ་ཕམ།།
འདུ་འཛིའི་གྲོང་ཁྱེར་འདི་ཡི་ཕར་ངོས་ན།།
ཁྲ་ཆུང་མིག་གིས་ཉམས་དགའ་དབེན་གནས་མཐོང་།།
སྒྲ་འཛིན་རྣ་ཡིས་འཆད་རྩོད་སྒྲ་དབྱངས་ཐོས།།
སྟབས་བདེའི་འཚོ་བར་བསམ་ནས་ཡིད་སྨོན་ཤོར།།
ཐལ་མོ་བྲང་ལ་སྦྱར་ནས་དཀོན་མཆོག་བསྒོམས།།
སྙན་མོའི་དབྱངས་རྟ་བཀུགས་ཏེ་སྟོང་མཚན་གྱེར།།
བླ་མའི་གདམས་ངག་དྲན་པའི་བར་མཚམས་ནས།།
གྲོང་གི་དཀོར་ཟས་ཟ་ལ་སུན་སྣང་སྐྱེས།།
- ཟིན་ཐོ་གོང་མ།‘‘བསུ་སྐྱེལ་ཁ་འཛིན་སྡོང་གྲོགས་མཛོད།’’
- ཟིན་ཐོ་འོག་མ།དགའ་བའི་རེ་འབོད།