ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
ལོ་ཟླ་དུས་ཀྱི་མཆོད་པའི་འབྲས་བུ།
ཤར་ལྷོ་ནུབ་བྱང་ལྷ་འདྲེའི་རྒྱུག་ལམ་མང་ཞིང་།།
ཤར་ནུབ་མི་རིགས་གཞན་གྱིས་ཡིད་སྨོན་འཆོར་བའི།།
ཤར་ཕྱོགས་ཞི་བདེའི་སྙིང་དབུས་གངས་རིའི་ཞིང་ཁམས།།
ཤར་གྱི་ཉི་མ་དྲོན་པོའི་འོད་ཐིགས་སྡད་ཡོད།།
ས་ལ་སྔར་མེད་གཏེར་གྱི་ནོར་རྫས་ཐོན་སོང་།།
ཕྱུགས་ལ་སྔར་མེད་སྟོབས་ཀྱི་ཤ་ཤེད་རྒྱས་སོང་།།
མི་ལ་སྔར་མེད་འཚོ་བའི་ལོངས་སྤྱོད་འཛོམས་སོང་།།
ཞིང་ལ་སྔར་མེད་ལོ་ཐོག་འཕེལ་ཁ་དར་སོང་།།
ཕོ་གསར་དཔུང་པ་སྦོམ་པོས་འཇོན་ནས་མ་རེད།།
སྨན་ཤར་སྣང་བ་མཐོ་པོས་འཛངས་ནས་མ་རེད།།
གཞུང་སའི་སྐུ་ངོ་རྫིག་པོས་བྱམས་ནས་མ་རེད།།
ང་ཡིན་ཁོ་ཡིན་གཏམ་གྱིས་བྱས་ཡུས་མ་བགྲང་།།
དཀར་དམར་མེ་ཏོག་བཀྲ་བའི་དབྱར་གཞུང་སླེབས་ཚེ།།
རྣམ་རྒྱལ་སྟོང་མཆོད་ཕུལ་ཞིང་གཏེར་བུམ་སྦས་པ།།
ཁ་བ་བུ་ཡུག་འཚུབ་པའི་དགུན་དུས་སླེབས་ཚེ།།
ཞི་ཁྲོ་ཁྲི་མཆོད་བླུག་ཅིང་ལྷ་ངོ་བསྟོད་པ།།
དུས་བཞི་ངེས་པ་མེད་པའི་བར་གསེང་རེ་ལ།
ཀུན་རིག་ལས་བཞིའི་རྒྱུན་ལྔའི་སྦྱིན་བསྲེག་ལ་སོགས།།
ཕ་ཁུ་བསོད་ནམས་ཅན་གྱི་རླབས་ཆེན་དགེ་ཚོགས།།
ལོ་ཟླ་དུས་ཀྱི་མཆོད་པའི་འབྲས་བུ་རེད་དོ།།
- ཟིན་ཐོ་གོང་མ།ནང་དམེ་མཚམས་འཇོག་གྱིས།
- ཟིན་ཐོ་འོག་མ།‘‘བསུ་སྐྱེལ་ཁ་འཛིན་སྡོང་གྲོགས་མཛོད།’’

གྲོགས་གཙང་ཚ་མཆོག་སྐུ་ཁམས་བཟང་། ཁྱེད་ཀྱིས་དགོངས་འཆར་གནང་བར་བཀའ་དྲིན་ཆེ། ངས་བྲེལ་ཚུབ་ངང་ནས་བྲིས་ཏེ་བཏང་བས་ཡིག་འབྲུ་ཁ་ཤས་ཆད་ལྷག་བྱུང་འདུག་པས་བསྐྱར་བཅོས་བྱས་ཡོད། ཁྱེད་དང་ཁྱེད་ལྟ་བུའི་གྲོགས་པོ་ཚོ་མུ་མཐུད་དེ་ཕེབ་པར་ངང་སྒུག་ཞུས་ཡོད། ཐུགས་རྗེ་ཆེ།