ཁྱུང་པོའི་རལ་པ།།
གསེར་གྱི་གཤང་ཆུང་ཁྲོལ་ལོ་ལོ།།
གཡུ་ཡི་་རྔ་མོ་ཏིང་སེ་ཏིང་།།
རལ་པ་དང་རལ་མ་ཤ་ར་ར།།
དེ་རིང་གར་སྟེགས་སྟེང་ན་འཁྲབ་སོང་ངོ།།
སྟག་ཤར་ལ་ཕོ་རྩལ་འཛོམ།།
སྨན་ཤར་ལ་མཛེས་ཉམས་ལྡན།།
ཡིད་འོང་གི་གཞོན་ནུ་ཚོས།།
དེ་རིང་འཁྲབ་སོང་།།
སྒྱུ་ རྩལ་གྱི་དུས་ཆེན་འདིར།།
ཉམས་རྒྱ་ཡི་གཟི་དཔལ་གྱིས།།
མི་ཡུལ་ལ་མཛེས་སྡུག་བསྐྲུན།།
དེ་རིང་འཁྲབ་སོང་།།
གཡུང་དྲུང་གི་རིས་མཛེས་པའི།།
རྔ་སྒྲ་འདི་ཆེམས་སེ་ཆེམ།།
སྔོན་དུས་སུ་དབལ་བོན་གྱིས།།
རི་རབ་གྱི་རྩེ་ནས་བརྡུང་།།
སྲིད་གསུམ་ན་འུར་རུ་རུ།།
དེ་རིང་གི་གར་སྟེགས་ན།།
ན་གཞོན་གྱི་མཛེས་མ་ཚོས།།
སྒེག་ཉམས་ཀྱི་གཡས་སྐོར་བཅས།།
ཡང་ཡང་དུ་བརྡུང་བ་ན།།
གཉིས་རྡུང་གི་དབྱངས་རྟ་ལས།།
ཕོ་རྒོད་ཀྱི་ཤ་སྐོར་ཡོད།།
སུམ་རྡུང་གི་རང་སྒྲ་ལས།།
སྨན་མོ་ཚོའི་མཛེས་སྐོར་ཡོད།།
ཕོ་རྒོད་ཀྱི་ཤ་སྐོར་ལས།།
གཤང་རོལ་གྱི་སིལ་སྒྲ་སྙན།།
རྔ་ལྗགས་ནི་ཡུགས་སེ་ཡུག།
མོ་སྨན་གྱི་མཛེས་སྐོར་ལས།།
དར་ཤམ་གྱི་གདུགས་དཀར་འཁོར།།
སྐད་སྐབས་ནས་འགྱུར་བག་ལྡན།།
གསེར་གཤང་གི་རོལ་མོ་འདི་།།
སྔོན་དུས་སུ་གཤེན་རབ་ཀྱིས།།
འཛམ་གླིང་གི་དབུས་ནས་དཀྲོལ།།
དེ་རིང་གི་གར་སྟེགས་ནས།།
དབྱངས་འགྲོས་ལ་སྙན་དགུས་ཕྱུག།
འཇིག་རྟེན་གྱི་མི་སེམས་ན།།
བཙན་འཛུལ་གྱི་ལས་གཉེར་མཁན།།
གར་སྟེགས་ཆུང་ཆུང་ཐོག་གི།
རས་པ་རས་མ་དེ་དག།
ཟླ་༨ཚེས༡༥ཉིན་
- ཟིན་ཐོ་གོང་མ།རྩམ་པ་རྫི་བའི་གོ་རིམ།
- ཟིན་ཐོ་འོག་མ།ངའི་སེམས་ཀྱི་རེ་འབོད།