རྩམ་པ་རྫི་བའི་གོ་རིམ།
ཆེའི་སྙིང་ཉེ་བའི་རིགས་གཅིག་གི་སྤུན་ཟླ་ཚོ། ང་ཚོས་རོལ་ཟིན་པའི་དྭངས་གཙང་གི་འཚོ་བའི་ཁྲོད།
མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བ་འཛམ་གླིང་གི་འཚོ་བའི་བཤམ་སྟོན་གསེང་དུ་ངོམ་ཆོག་ཆོག་ཐིན་མིན་ཁྱད་ཆོས་ཅན་གྱི་ཕུལ་བྱུང་གི་འཚོ་བ་དེ་གང་།
རྩམ་པ། འོ་རེད། རྩམ་པ་རེད། དེ་ལྟ་བུའི་སྦྲང་དཀར་གྱི་རྩམ་པ་ཞེས་རོལ་བཅུད་ཕུན་སུམ་ཚོགས་པའི་ཟས་མཆོག་འདི་རོལ་བར་བྱ་བ་ལ་གོ་རིམ་ལྡན་པ་ཞིག་ཏེ་དང་ཐོག་ས་བོན་བཟང་པོར་ཞིང་ས་གཤིས་པོས་གསོས་གཏབ་པ་ལས་མྱུ་གུ་དང་ལྗང་བུ་སྙེ་མ་སོགས་རིམ་གྱིས་བྱུང་ཞིང་བརྔ་བཅིང་རྡུང་གསུམ་གྱི་གོ་རིམ་དང་རྔོ་གཅོད་འཐག་གསུམ་གྲུབ་གཏིང་ད་གཟོད་རྩམ་ན་རྫི་མགོ་ཚུགས་པ་ཡིན།
བཀྲ་ཤིས་རི་མོ་མཁྱིལ་བའི་དཀལ་ཡོལ་ལག་གིས་འཇུས་ནས། དངུལ་འོད་འཕྲོ་བའི་སྐྱེམ་བུ་ལས་གསེར་མདོངས་ཆགས་པའི་ཇ་ཚན་ཁོལ་མ་བླུག་ཐོག་མར་དང་ཕྱུར་རྩམ་གསུམ་འདྲ་མཉམ་བྱས་ནས་འཛུབ་མོ་ལྔ་པོས་རིམ་བཞིན་རྨ་བྱ་ཆུ་འཐུང་། རྒྱ་མཚོ་མཐའ་སྐོར། གནམ་ས་ཀླད་ལྡིབ་སོགས་ཀྱི་གོ་རིམ་མ་འཁྱོལ་བར་བྱས་མཐར། ཨ་ལྡག་ཅེས་གཅེས་མིང་དེ་གསོལ་རྗེས་བརྒྱད་ཅུའི་རྒན་རྒོན་དང་། བྱིས་སྦ་ལོ་གསུམ་ཡན་གྱི་རོལ་མགོ་ཚུག་པ་ཡིན།
ཀ་ཁའི་དབྱངས་རྟ་འཚོལ་བའི་སློབ་ཕྲུག་དང་།།
ཁ་དོག་ངུར་སྨྲིག་གསོལ་བའི་བླ་གྲྭ་སོགས།།
ག་ས་གང་གི་རིགས་གཅིག་སྤུན་ཟླ་ཚོ།།
ང་ཚོ་ཙམ་ཟན་ཡིན་པ་མ་བརྗེད་ཅིག། ཅེས་རྩམ་པར་དྲན་བསྐུར་ཐེངས་གཅིག་བླངས་བ་ཡིན།
འོན་ཀྱང་ད་ལྟ་དུས་རབ་ཉེར་གཅིག་པར་སླེབ་ཟིན། རྩམ་པ་རྫི་བ་ནི་སྡུག་ཐུག་གི་ལས་དཀའ་ཞིག་དང་། ཟ་བ་ནི་འུ་ཐུག་གི་འཚོ་བ་རེད་ཟེར། དེ་ལྟ་བུའི་རྒྱུ་མཚན་གྱིས་དབེན་པའི་རྫོབ་གཏམ་གྱིས་ང་ཚོའི་འཚོ་བར་བརྙས་སྨོད་བྱེད་མཁན་ནི་མི་རིགས་གཞན་གྱི་གདོན་འཕྲུལ་ལྟ་བུའི་འཚོ་བའི་སྙིག་ཟོམ་ནང་མགོ་བོ་རྒྱབ་ནས་ཡར་བཏེག་མ་ནུས་པའི་མཐོ་རིམ་གྱི་ཕག་པ་ཁ་གཅིག་ཡིན་མཐར་གཏུག་ན། ཁོ་ཚོས་གཞན་གྱིས་སྐྱག་ཟོས་ནས་འགྲང་དྲག་པས་སོ། ཡིད་སྐྱོ་བ་ཞིག་ལ། མཚར་ལོང་འགྲོ་བཞིན་པའི་བོད་ཀྱི་བྱིས་པ་ཚོས་ཁོ་ཚོས་རྩམ་པ་རྫི་མི་ཤེས། ངས་རྩམ་པ་ཟ་གྱི་མིན་ཟེར་བ་འདིས་ངའི་སྙིང་ཁང་དུ་མཁྱིལ་བའི་མིག་ཆུས་འཁུར་རྐང་ཡོངས་སུ་རླན་པར་བྱས་སོང་ལ། སྐྱོ་གདུང་གིས་དབང་དུ་སོང་བའི་སེམས་འདི་ཁོ་ནས་ཅི་ཞིག་སྨན་ཨ་ཨ་ཅིའི་ཕྱིར་ཞེ་ན་ངའི་སེམས་ཁང་ན་དུངས་ཆེ་བའི་མ་འོངས་པའི་བདག་པོ་ཁྱེད་རྣམས་ཀྱིས་རྩམ་པ་མ་ཟོས་ན་གོ་སླའི་ཡོངས་རྩེར་འཚོ་གནས་བྱེད་པའི་རྩམ་ཟན་གྱི་མི་རིགས་ཤིག་དུས་རབས་འདི་ནས་མཇུག་རྫོགས་པ་ཡིན་པས་སོ། དེས་ན་ལྗོན་ལ་ནིམ་པའི་འཇིག་རྟེན་འདིར། རྩམ་ཟན་གྱི་མི་རིགས་ཤིག་ཡུན་དུ་གནས་ཕྱིར། མ་འོངས་པའི་བདག་པོ་ཁྱོད་ཅག་གི་རྩམ་པ་རྫི་བའི་གོ་རིམ་མ་འཆུག་ལ་ཟ་བའི་དང་ཁ་མ་འགག་གཅེས་ཕྲུག་ཚོ།
- ཟིན་ཐོ་གོང་མ།ཉི་ནུབ་ཀྱི་སེམས་གཞས།།
- ཟིན་ཐོ་འོག་མ།ཁྱུང་པོའི་རལ་པ།།