ཉི་ནུབ་ཀྱི་སེམས་གཞས།
ཡེ་ཤེས་གོང་འཕེལ།།
མཐིང་མདོག་སྤང་ལྗོངས་ཁ་དོག་ཡལ་ཤུལ་ནས།།
ཉི་འོད་སྣང་བའི་མཛེས་སྡུག་རྒྱང་ལ་གྱེས།།
སྤྲིན་དཀར་སྟར་ཕྲེང་ཤར་མཐའིམཁར་བྱེར་དུས།།
ཉི་ནུབ་ཨ་མ་དྲན་པའི་གདུང་བ་འཕེལ།།
སྤང་རྒྱན་སྔོན་པོ་སྐྱོ་བའི་ཞལ་ཁ་ཟུམ།།
སྤང་རྩི་དོ་བོའི་མགོ་བོ་ཐོལ་གྱིས་མཐོར།།
ཤང་ཤང་ཆུ་མོས་དབྱངས་རྟ་ཐེན་ཙམ་ན།།
ཉི་ནུབ་ཨ་མ་དྲན་པའིི་གདུང་བ་འཕེལ།།
རྩྭ་ཕྲན་རླུང་གིས་བསྐྱོད་པས་ཤུ་གླུ་གྱེར།།
བྱ་བྱེའུ་ཚང་ལ་འགྲོ་བའི་ཀུ་ཅོ་འདོན།།
མིག་ཟུང་རབ་རིབ་རྒྱང་ལ་ཕྱོགས་པའི་དུས།།
ཉི་ནུབ་ཨ་མ་དྲན་པའི་གདུང་བ་འཕེལ།།
མཚམས་སྤྲིན་འོད་ཀྱི་ཏི་སེར་གསེར་མདངས་བྱུག།
དེ་ཡི་མཛེས་སྡུག་མཚོ་མོའི་ངོས་སུ་ལྷུང་།།
ངང་ངུར་མ་བུ་སྙིང་ནས་བརྩེ་བའི་ཚེ།།
ཉི་ནུབ་ཨ་མ་དྲན་པའི་གདུང་བ་འཕེལ།།
ཟླ་ཚེས་གསར་པ་སྤྲིན་དམར་ལྷུམ་ནས་འཛུམ།།
དེ་དང་མཉམ་དུ་སྐར་མའི་མཛེས་སྡུག་མཐོང་།།
སྨྲེང་སེམས་ཐག་རིང་ས་རུ་སྤྱོད་པའི་དུས།།
ཉི་ནུབ་ཨ་མ་དྲན་བཞིན་ཁེར་གཞས་བླང་།།
- ཟིན་ཐོ་གོང་མ།ཨ་མ་དྲན་པའི་གླུ་ཆུང་།
- ཟིན་ཐོ་འོག་མ།རྩམ་པ་རྫི་བའི་གོ་རིམ།