ཤེས་བྱ་ཀུན་མཁྱེན་བདེ་ཆེན་སྤྲོས་བྲལ་ཐུགས།།
རབ་འབྱམས་ལྷུན་གྲུབ་གསུང་གསང་སྨྲ་བའི་སེང་།།
རྒྱལ་ཀུན་འདུས་གཟུགས་ས་གསུམ་འགྲོ་བའི་མགོན།།
མཚན་ལྡན་འཛམ་གླིང་རྒྱན་ལ་གསོལ་བ་འདེབས།།
ཚོགས་གཉིས་ངོ་བོ་ཚད་མེད་རྣམ་བཞིའི་གར།།
རྩོད་ལྡན་ཞིང་གི་ཚངས་རྒྱུང་ཉེར་ལྔའི་དབུས།།
སྐལ་བཟང་གདུལ་བྱ་བྱེ་བའི་དཔལ་ཤར་བ།།
བསྟན་པའི་སྒྲོན་མེ་ལྟ་བུའི་སྐུ་མཆོག་དྲན།།
སྒོ་བཞི་མཛོད་སོགས་ཐིག་དགུའི་སྡེ་སྣོད་ཀུན།།
གཅིག་ཏུ་དྲིལ་བ་འཕྲུལ་སྒྲོན་རྣམ་ལྔ་ཡིས།།
གདུལ་དཀའི་སྒྲིབ་གཉིས་མུན་པ་བསལ་མཛད་པ།།
འོད་ཀྱི་འཁོར་ལོ་ལྟ་བུའི་གསུང་མཆོག་དྲན།།
གཉིས་སྒྲིབ་དབྱིངས་སུ་དག་པའི་མཁྱེན་པ་དང་།།
གདུལ་བྱ་རྗེས་སུ་འཛིན་པའི་བརྩེ་ཆེན་ལས།།
སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གཞི།།
ལྷ་ཡི་ཕོ་བྲང་ལྟ་བུའི་ཁྱེད་ཐུགས་དྲན།།
ཁྱེད་ཀྱི་གསང་གསུམ་ཡིད་བཞིན་འབྱུང་བའི་གཏེར།།
མཐའ་ཡས་འགྲོ་བའི་དཔལ་དུ་སྨིན་པ་དེས།།
རྩོད་ལྡན་འགྲོ་བ་དུག་ལྔས་འཆིང་རྣམས།།
བདེ་ཆེན་གྲོལ་ལམ་སྟོན་འདི་ཨེ་མ་ཧོ།།
བོན་རིའི་གནས་མདུན་དུ་བྲིས།
- ཟིན་ཐོ་གོང་མ།མཁས་གྲུབ་ཡར་མེ་བ།
- ཟིན་ཐོ་འོག་མ།ཨ་མ་དྲན་པའི་གླུ་ཆུང་།