ཤེས་རབ་ཟབ་མོས་རྒུད་པ་གསོ།།
ཡིད་ཆེས་ཟབ་མོས་སྤོབས་པ་སྐྱོངས།།
བརྩོ་འགྲུས་བརྟན་པོས་རྒྱལ་ཁམས་སྙོགས།།
འདི་གསུམ་འཇིག་རྟེན་འཚོལ་བའི་མིག།།
མཚར་སྡུག་གི་ལོ་ཟླ་ནི་ནམ་ཡང་མཚར་སྡུག་ཡིན།
ལན་གྲུ སྙན་བཟང་བྱམས་པ།
སུ་ཞིག་གིས་དྭངས་གཙང་གི་སེམས་པ་རུམ་ནས
འཇིག་རྟེན་གྱི་སྒོ་ཆེན་དལ་གྱིས་ཕྱེས་ཤིང
གཡའ་དག་པའི་ནམ་མཁའ་ཞིག་གི་དབུ་འཁྱུད་འབྲི་དུས
བྱིས་པ་ཚོས་ཀྱང་སྤྲིན་དཀར་གྱི་འདབ་གཤོག་རིང་དུ་བརྐྱངས་ཏེ
དབྱངས་གསལ་སོ་བཞིའི་རེ་ཁྰ་ངང་གིས་བྲིས
ཏག་ཏག ས་སྟེང་འདིའི་འགྲོ་བ་ཚོས་ཀྱང
ཁྱོད་ཀྱི་འཕྲིན་ལས་དང་མངའ་ཐང་བསམ་བཞིན
རྒྱང་རིང་གི་གྲོང་ཚོ་དག་ན ནམ་རྒྱུན
དགའ་ལྷང་ལྷིང་དང་དུང་སྤྲོ་སྤྲོའི་ངང་ནས
ཐ་སྙད་ཁ་ཤས་ཤིག་གི་བདེན་དོན་འཚོལ་བཞིན་ཡོད་པ་མ་ཡིན་ནམ
དེ་བས གསེར་ས་ན་གནས་ཀྱང་འོད་གནམ་དུ་འཕྲོ་བ་ཇི་བཞིན
རིན་ཐང་གིས་གཞལ་དུ་མེད་པའི་རྗེས་བཞག་གི་ཕུང་བོ་རེ་རེ་ནི
རྟག་ཏུ་འཇིག་མི་སྲིད་པའི་མཚར་སྡུག་གི་ལོ་ཟླ་རུ་གྲུབ་པས
སུས་ཀྱང་གཞོམ་གཞིགས་བྲལ་བར གཏན་དུ
ནམ་མཁའ་ན་འོད་དུ་འཚེར་ཅིང
ས་གཞི་ན་སྙིང་དུ་སྡུག
ཡིན་ནའང……..མུན་སྙིགས་ཀྱི་དབང་གིས
ཁྱོད་རང་རྡོག་བརྫིས་གཏོང་མཁན་གྱི་གང་ཟག་ལ་ལ་ཞིག
ད་དུང་ཧི་མ་ལ་ཡའི་ཁྱིམ་གཞིས་ན་འཚོ་བས
ངོ་མ་སྙིང་རེ་རྗེ
དུས་རྒྱུན་ཁྱོད་ཀྱི་ཐུགས་རྗེ་ནམ་མཁའ་བཞིན་ཁྱབ་པ་བདེན་དུ་འཆུག་ཀྱང
མེས་པོ་གང་གི་ཐུགས་སྟོབས་ལ་སྐྱོ་སྣང་འཛིན་དོན་ཅི་ལ་ཡོད
འཁོར་བ་འཁོར་བ་རུ་གྲུབ་པས་ལན་ནམ
ཉོན་མོངས་ཉོན་མོངས་གྱིས་འཁྱུད་པས་ལན
གང་ལྟར་ཀྱང
གླེགས་བམ་ཁྲི་ཁྲག་ཅིག་གི་བདེན་པ་དེ
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་གསལ་བས
ནམ་ཡང་མགོ་མི་སྒུར
ལས་སྣང་གི་རྐྱེན་པས མཚམས་ལར
ཁྱོད་ཉིད་མུན་པའི་དོང་ཞབས་སུ་སྤྱུགས་མོད
ཆུ་བོ་ལ་འཕེལ་འགྲིབ་ཆེ་བ་ཇི་བཞིན
དྲང་དོན་གྱི་ཉི་མ་ནམ་ཡང་འགོག་མ་ནུས་པར
དུས་རབས་ཉེར་གཅིག་པའི་དེ་རིང་ཡང
སྔར་བཞིན
ཁྱོད་ཀྱི་མཚར་སྡུག་གི་ལོ་ཟླ་གླེང་བའི་གཏན་ཚིག་ཅིག
ཅི་ནས་ཀྱང་འགྲུབ་དགོས་བྱུང
༢༠༡༠ལོའི་ཟླ་༡༡པའི་ཚེས༢༧ཉིན།
- ཟིན་ཐོ་འོག་མ།སྨོན་ཚིག་བཀྲ་ཤིས་འཁྱིལ་བ།