༄༅།། མི་རྟག་སྒྱུ་མའི་ནགས་ཀླུང་འཛུལ་བའི་མྱོང་བ་ཚིགས་སུ་
བཅད་པ་དབུ་མའི་བདེན་གཏམ་གསལ་བའི་ཨཱ་དར་ཤ།
དུས་གསུམ་རྒྱལ་བའི་ཡུམ་གྱི་གཙོ་བོ་དང་། །
ལྷ་མིའི་རྣམ་འདྲེན་སྟོན་པ་རྫོགས་སངས་རྒྱས། །
དབྱངས་ཀྱི་རྒྱལ་བོ་འཇམ་དབྱངས་ལ་སོགས་པས། །
རྣམ་ཀུན་སྲིད་ཞིའི་མཚམས་དེར་ཤིས་པ་སྩོལ། །
གང་ཞིག་འཁོར་བའི་ལས་ཉོན་འཆིང་ནས་བཟུང་། །
སྡུག་བསྔལ་གསུམ་གྱིས་རྣམ་ཀུན་དབུགས་དབྱུང་དབེན།
ཕྱི་ནང་རྐྱེན་ཚོགས་འཇིགས་པའི་ཁྱུར་མིད་ལས། །
བདག་སྙིང་དུམ་བུར་གཙབས་པ་གཞལ་མི་ལངས། །
དུག་ལྔ་ཚང་ཚིང་སྟུག་པའི་ནགས་གསེབ་ནས། །
རྟག་ཏུ་ཆོ་ངེའི་བརྟུལ་ཞུགས་བསྐྱངས་པ་ལ། །
ཐོས་འཕྲལ་དུག་གིས་གསོད་པའི་གད་རྒྱངས་ཤིག །
དུས་ཀྱི་དབང་གིས་སྒྲོག་པ་འདི་ལྟ་སྟེ། །
སྒྱུ་མའི་ཆོ་འཕྲུལ་གློག་གི་འཕྲུལ་སྣང་ལས། །
བདག་གི་དོན་ལྔ་དང་ནི་སྣོད་དྲུག་སོགས། །
རེ་ཞིག་བག་མེད་རྩད་ནས་ཕྱུངས་གྱུར་བས། །
རྣམ་སྨིན་དོད་དུ་ས་གསུམ་འཁྲིགས་ཅིང་ཁྲོས། །
སྡིག་སྲིན་ཐབས་ཤེས་ཟུང་གི་ལེགས་བྱས་ལས། །
བློ་ལྡན་རྐང་དྲུག་རྣམ་ཤེས་རྒྱ་བར་ཚུད། །
སྐྱོབ་པར་བྲེལ་བའི་སེམས་ཅན་མང་དག་ཅིག །
སྐོར་རྒྱུག་ཚུལ་མཐོང་བདག་ཉིད་སྐྲག་ཅིང་འདར། །
ཉི་ཟླའི་རྣམ་ཤེས་གཞན་དུ་སྤྱུགས་ཤུལ་ན། །
གང་ཞིག་འབྱུང་བོའི་ཚོགས་ཀྱིས་གླགས་རྙེད་པར། །
སྲིན་མོ་གན་རྐྱལ་ལུས་འདི་མ་དབང་བར། །
དེ་མ་ཉིད་དུ་སིལ་ཏོག་ལྟར་དུ་བགོས། །
བཅོ་ལྔའི་ཚེས་ལ་ཀུན་གྱིས་སྒྲིབ་མེད་མཐོང་། །
འདི་ཡང་འགྲོ་རྣམས་ཁྱེད་ལ་དུངས་པའི་རྟགས། །
སྣ་ཚོགས་ཟུག་རྔུའི་གདུང་བ་བསལ་ཕྱིར་དུ། །
སྲིད་པའི་མིག་གཅིག་མགོན་ཁྱོད་ད་ཚུར་བྱོན། །
འཇིགས་རུང་ཤན་པའི་ལག་ལ་གྲི་ཐོགས་པར། །
མས་མདུན་བུ་ཕྲུག་བཤག་པའི་ཚུལ་མཐོང་སྟེ། །
མི་བཟོད་གདུང་བའི་མྱ་ངན་སྒྲོག་བྱེད་ན། །
ཀྱེ་མ་རྒྱལ་བའི་ཐུགས་རྗེས་མི་དགོངས་སམ། །
ཡེ་ཤེས་སྤྱན་གྱིས་གཟིགས་པའི་སེམས་ཅན་ནི། །
ཇི་སྙེད་ས་ཡི་རྡུལ་ལས་གྲངས་མང་ན། །
བདེར་གཤེགས་ཐུགས་རྗེ་སྲིད་མཐར་ཨེ་ཁྱབ་ཞེས། །
དེང་འདིར་མང་བོ་རྣམ་ཀུན་ཁྱོགས་ལ་འཕྱང་། །
ལྔ་བརྒྱའི་མཐའ་མར་ལུས་ཅན་མང་དག་ཅིག །
སྡུག་བསྔལ་དྲུག་གི་མཐིལ་དུ་བྱིང་བ་ཡི། །
བདག་འཛིན་རྩོད་པའི་དཔུང་ཤན་འབར་བས་ན། །
སྐྱོབ་པ་འཇིག་རྟེན་མགོན་པོ་ཅིའི་མི་ངལ། །
དེའི་ཕྱིར་འདུལ་དཀའི་སེམས་ཅན་འདི་ཚོས་ཀྱང་། །
རྒྱལ་སྲས་ལག་ལེན་སྤྱོད་པ་ལྷུར་བཞེས་ཏེ། །
བྱང་ཆུབ་ལམ་བཟང་བསྟེན་པ་རང་བྱུང་ན། །
བསྐལ་བར་བསོད་ནམས་འཕེལ་བ་བསམ་མི་ཁྱབ། །
རྒྱུ་རྐྱེན་རྟེན་འབྱུང་ཚོགས་པ་འགག་མིན་པས། །
བསམ་སྦྱོར་ཚུལ་བཞིན་བསྟེན་ཏེ་གནམ་སའི་ཁྱོན། །
ཞི་ཞིང་བདེ་བའི་དཔལ་ལ་རབ་འགོད་པའི། །
ཀུན་སློང་དྲག་པོ་ངང་ངམ་ཤུགས་ཀྱིས་བརྡོལ། །
མ་བཅོས་འཇིག་རྟེན་སྒྱུ་མའི་ནགས་ཀླུང་ནས། །
མ་བཏང་བརྩོན་པའི་གོ་ཆ་རིང་བགོས་ཏེ། །
མ་སྦགས་སྒོ་གསུམ་དག་པའི་རེ་སྨོན་ཅིག །
མ་སྐུལ་བྷོ་ཊའི་ལྗོངས་ལ་རིང་དུ་བསྲིངས། །
དེ་ལྟར་ལེགས་སྨོན་རེ་བའི་ཤིང་རྟ་འདིར། །
དོན་གྱི་འཁོར་ལོར་ཚིག་བརྒྱའི་རྩིབས་སྟོང་གིས། །
སྤུད་མིན་ནོངས་པའི་མཆོག་ཅིག་ཟུར་མངོན་ན། །
ཉེར་གཅིག་ངག་རིག་སྨྲ་བའི་གཟིགས་མོར་བཤམས། །