ཁྱེད་ཕྱོགས་སུ་ཆས་པའི་ལོ་ཟླ།
སྙན་བཟང་བྱམས་པ།
གངས་དཀར་གྱི་ཡོལ་བ་ཐགས་སུ་བཀྲམས་པའི་འཛིན་མ་ནས
ལྷ་ཆབ་ཀྱི་སྙན་འགྱུར་དབྱངས་སུ་དྲངས་པའི་འགྲམ་ངོགས་ནས
ལོ་ངོ་སྟོང་ཕྲག་གི་བདེན་དོན་གླུ་རུ་གྱེར་ཞིང
བརྩེ་བ་འབུམ་ཕྲག་གི་མཁའ་དབྱིངས་ཤུགས་ཀྱིས་བརྟོལ་དུས
ང་རང རིག་ཤེས་མ་ཡིན་པའི་སྲ་གཟུགས་དེ་ལས་ཡོངས་སུ་གྲོལ་ཅིང
རྨོངས་ཞེན་དང བག་འཁུམ་གྱི་སྒྲོམ་གཞི་སིལ་བུར་བཅག་ཏེ
དྲི་མེད་དྭངས་གཙང་གི་སེམས་པས་ཁྱེད་ལ་ཆས་ཡོད
རྨ་མེད་ལྷག་བསམ་གྱི་ཁ་བཏགས་ཁྱེད་ལ་ཕུལ་ཡོད
བརྒྱ་ཕྲག་ཉེར་གཅིག་པའི་དེ་རིང ཁྱེད་ནི
རྩིབས་སྟོང་རྣམ་པར་བཀྲ་བའི་འཁོར་ལོ་ཞིག་དང་འདྲ་བར
ཕྱོགས་ནས་ཕྱོགས་སུ་འཁོར་བ་ཡིན་ལ ཁྱེད་ནི
ཝུ་དཀར་རླབས་ཕྲེང་རྩེན་པའི་མཚོ་མོ་ཞིག་དང་འདྲ་བར
མཐའ་ནས་མཐའ་རུ་སྐྱོམས འདི་ལྟར
ཁྱེད་ཀྱི་འཕྲིན་ལས་ནི་ས་ཆེན་པོའི་ངོ་མཚར་དང་རྨད་བྱུང་ལགས་པས
ངས་ནི རྒོད་པོ་ཐུར་མེད་ཀྱི་ཁ་ལོ་ལྕག་གིས་སྐུལ་ཞིང
བར་སྣང་རྡུལ་མང་གི་ཕུང་བོ་གྱེན་དུ་གཤགས་བཞིན
ལང་ལོང་དུ་རྒྱུ་བའི་སྤྲིན་དཀར་གྱི་ཕང་བ་ན
ཁྱེད་ཀྱི་འདས་སོང་གི་ལོ་ཟླ་ལ་འཁྲེང་བཞིན་ཡོད་པ་མ་ཡིན་ནམ་་་་་་་
རེད་ཡ
དཔྱིད་གསུམ་ལྗང་སྨྱུག་གི་རེ་ཁཱ་རིམ་གྱིས་འབྲི་དུས
དབྱར་གསུམ་མེ་ཏོག་གི་སྐྱེད་ཚལ་ཡོངས་སུ་མཛེས་བྱུང
སྟོན་གསུམ་ལོ་ལེགས་ཀྱི་ཕྱྭ་གཡང་ངང་གིས་འཁོར་དུས
དགུན་གསུམ་ཁ་བ་ཡི་རང་མདངས་གསལ་ལེར་གྱུར་སོང
དེ་དུས ང་ནི་ཁྲི་གདུགས་ཉི་མའི་འཛུམ་རླབས་ཕྱོགས་སུ་རྒྱས་པ་ལྟར
སྐྱ་རེངས་ལྷ་མོའི་འབོད་སྒྲ་དང་བསྡོངས་ནས་ཁྱེད་ཀྱི་ཕྱོགས་སུ་འཁོར་བ་ནི
ཇི་འདྲའི་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་དྲན་ཤིང་ཞིག་ཡིན་པ་ལ་་་་་་་
ཁྱེད་ནི་ཤར་ཕྱོགས་ཞི་བདེ་རྒྱ་མཚོ་ནས་འོངས་པའི་ཕོ་ཉ་ཡིན་ཀྱང་ཆོག
ཡང་ན ནུབ་ཕྱོགས་ཆུ་ལྷའི་ཞིང་ཁམས་ནས་ཐོན་པའི་སྐུ་མགྲོན་ཡིན་ཀྱང་ཆོག
གང་ལྟར་ཀྱང བདག་གི་སེམས་པའི་གཏིང་རིམ་ན
ཁྱེད་ནི་སྔ་མོ་ནས་རང་ས་རང་ཡུལ་དུ་འཁྲུངས་པའི
ཤེལ་དཀར་གྱི་མཆོད་རྟེན་ཞིག་ཏུ་བསམ་བཞིན་ཡོད་པས
ནམ་ཡང ཁྱེད་ལ་དགའ་ཞིང ཁྱེད་ལ་དུངས
དེ་བས ང་ཁྱེད་ལ་དད་པའི་སེམས་བྱུང་རེ་རེ་ཡང
ང་ཁྱེད་ལ་ཆས་པའི་དན་རྟགས་ཅི་ལ་མིན་་་་་་་་
དུས་དེ་ནས་བཟུང་སྟེ
སེམས་འདུན་ཡོད་ཚད་རྡོག་ཁྲེས་སུ་བཅུག་ནས
ཧི་མ་ལ་ཡའི་ཀློང་རིམ་དང
མ་ཕམ་གཡུ་མཚོའི་ཟབ་ཚད་སོགས་ལ
གཏིང་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས
ཡང་བསྐྱར་ཐེངས་ཤིག་གཞལ་ན་བསམས
འོན་ཀྱང བདག་ལ་མངའ་བ་ནི
ཁྱེད་ཕྱོགས་སུ་ཆས་པའི་ལོ་ཟླའི་གྲངས་ཚད་བརྩི་བ་ལས
ཁྱེད་ཀྱི་རྟིང་མཐིལ་བརྟོལ་བའི་ནུས་པ་ནི་དཀའ་ཙམ་གདའ
ད་དུང
དབྱངས་གསལ་སོ་བཞིའི་འགྱུར་ཁུག་རེ་རེའི་ཁྲོད་ན་ཡང
བློས་བསླངས་ཀྱིས་ཀྱང་དཔོག་པར་མི་ནུས་པའི
ཁྱེད་ཀྱི་འདས་མ་ད་གསུམ་གྱི་གཟི་འོད་འབར་བའི་མི་ཚད
ས་སྒང་འདིའི་སྐྱེ་འགྲོ་ཚང་མས
ཁྱེད་ལ་བཅངས་པའི་ལྷག་བསམ་བཟང་བོ་ཡང་མངོན་ཡོད
དེ་ལྟ་ནའང ཁྱེད་ཀྱི་ཕུང་བོའི་སྟེང་ན
ཁྱེད་ལས་ལྷག་པའི་དངོས་པོ་རྩ་ཆེན་ཞིག་སྐུང་འདུག་པར་ཡང་གདོན་མི་ཟ་བས
ང་ངོ་མ་ཁྱེད་ལ་དགའ་ཞིང ཁྱེད་ལ་དུངས་་་་་་་་
དཀར་གསལ་གྱི་ཟླ་བ་ངའི་ཡབ་མེས་ཀྱི་ཕྲག་གོང་ན་མཐོ་དུས
ཁྱེད་ཀྱིས་གནམ་འོག་ན་འགྲན་དུ་མེད་པའི་དཔའ་དར་བསྒྲེངས་ནས་ཡོད་ཟེར
དྭངས་གཙང་གི་ཉི་ཟེར་འཇམ་པོ་ཤར་རིའི་རྩེ་ན་འབུས་དུས
ཁྱེད་ཀྱིས གཞན་ཕན་གྱི་ལྷག་བསམ་གླུ་རུ་དྲངས་ཏེ
དཔྱིད་དཔལ་གསར་བའི་ལྗང་སྨྱུག་གསོས་སོང་ཟེར
དེའི་སྟབས་ཀྱིས ངས་ཀྱང
རེ་སྨོན་དང་ཡིད་ཆེས་ཡོད་ཚད་ཀྱི་ཁ་བཏགས་མཐོ་རུ་བཏེགས་ནས
ཟད་གྲུབ་དང་ཆག་འཇིག་མི་མངའ་བའི་མཛའ་ཟམ་ཞིག་བརྒྱུད་ནས
ཁྱེད་དང་མཉམ་དུ
ཟུངས་ཁྲག་གི་མཆོད་མེ་ཞིག་སྒྲོན་རྒྱུའི་སྟ་གོན་བྱས་མྱོང
ཁྱེད་དང་མཉམ་དུ
རྣམ་ཤེས་གཙང་མ་ཞིག་གི་ས་བོན་ཡང་འདེབས་ན་བསམ་ཡོད