དུས་རབས་གསར་བའི་ང་ཚོ།
སྙན་བཟང་བྱམས་པ།
ང་ཚོ་སྟེ།
མེ་ཏོག་དང་ལྷན་དུ་བཞད་པའི་མཐོ་སྒང་གི་ལོ་མ་སེར་པོ
ཁ་བ་དང་ལྷན་དུ་སྐྱོམས་པའི་དྭངས་གཙང་གི་རྣམ་ཤེས་བརྗིད་པོ
སུ་ཞིག་གིས་ཀྱང་གཏོར་མ་མྱོང་བའི་གནམ་འོག་གི་བཙན་རྫོང་འདི་ནས
འདི་ལྟར། ཉིན་དཀར་དྭངས་གཙང་གི་སེམས་པས་ནམ་མཁའ་གསོ་བཞིན་ཡོད་ལ
མཚན་མོར། རྨི་ལམ་གྱི་མཛེས་མས་ཟླ་བ་གླེང་བཞིན་ཡོད།
ང་ཚོ་སྟེ།
ལུག་ཁྱུ་དང་ལྷན་དུ་འཚོ་བའི་གཡང་དཀར་གྱི་འཇིག་རྟེན་བྱེད་པོ
གཙང་བོ་དང་ལྷན་དུ་བཞུར་བའི་དུས་རབས་ཀྱི་རྗེས་འཛིན་གསར་བ
སུ་དང་གང་གིས་མི་ཚུགས་པའི་བར་སྣང་གི་ཕོ་བྲང་འདི་ནས
དེ་ལྟར། དཔྱིད་ཀར་རེ་སྨོན་དང་ཡིད་ཆེས་གསར་བས་ས་བོན་སྟོར་བཞིན་ཡོད་ལ
སྟོན་ཀར། ལོ་ལེགས་དང་འཛུམ་མདངས་ཞིམ་པོས་ཡབ་མེས་ལ་བསྙེན་བཀུར་བྱེད།
ང་ཚོ་སྟེ།
འབྲུ་དྲུག་དང་རྩམ་པས་གསོས་པའི་གངས་ལྗོངས་ཀྱི་ཉི་མ་གཞོན་ནུ
མཚེའུ་དང་རི་རབ་ཀྱིས་བཏེགས་པའི་སྣང་སྲིད་ཀྱི་ནོར་བུ་ཆ་བདུན
གནས་གང་དུའང་མནར་མ་མྱོང་བའི་མེ་ཏོག་གི་འཇའ་ཚོན་གསེབ་ནས
ནམ་ཡང་མི་ཡུལ་གྱི་རྫིང་རིང་ན་གླུ་བྲོ་ཡི་ཟློས་གར་འཁྲབ་བཞིན་མཆིས་ལ
གཏན་དུ། ཕ་ཡུལ་གྱི་དུས་གསུམ་ན་རྨི་ལམ་གྱི་སྙན་དབྱངས་དཀྲོལ་ནས་ཡོད།
ང་ཚོ་སྟེ།
སྤྲིན་དཀར་དང་འཇའ་ཚོན་ལ་འཐམས་པའི་ཀླུང་རྟ་ཡི་སྣེ་མོ་ཞིག
གངས་རི་དང་རྫ་རི་ལ་འཇུས་པའི་གླག་རྒོད་ཀྱི་གནས་ཚང་ཞིག
སྲིད་པ་གསུམ་ན་རྒྱན་དུ་ཆེ་བའི་འདོད་འབྱུང་གི་གླིང་ག་འདིའི་ཕང་བ་ན
རྒྱུན་པར་བླ་སྲོག་གི་རྟིང་མར་ཟུངས་ཁྲག་གི་མཆོད་མེ་སྒྲོན་བཞིན་ཡོད་ལ
རྟག་ཏུ། ཤེས་བྱ་ཡི་ཐང་ཆེན་ན་སྙན་ངག་གི་རྟ་མཆོག་བང་གིས་འགྲན།
རེད་ལགས།
འདི་ནི་དུས་རབས་གསར་བའི་ང་ཚོ་ཡིན་ལ།
ང་ཚོའི་དུས་རབས་གསར་བའང་ཡིན་སྲིད།
- ཟིན་ཐོ་གོང་མ།སེམས་ཀྱི་འཆར་རྟོག་སྒྱུ་མའི་མགུར།
- ཟིན་ཐོ་འོག་མ།ལྷོ་ནུབ་མི་རིགས་སློབ་ཆེན་བོད་ཡིག་བསྟན་བཅོས་ཞིབ་འཇུག་ལྟེ་གནས།