མཁས་དབང་བོན་བརྒྱ་རིན་པོ་ཆེ་ལ་བསྟོད་པ་
མི་ཟད་ངག་གི་རོལ་མོ།
སྙན་བཟང་བྱམས་པ།
ཚོགས་གཉིས་མར་ཁུ་རྒྱ་མཚོའི་ཀློང་དུ་སྐུ་གཉིས་སྒྲོན་མེ་འོད་དུ་འཛུམ། །
བདེན་གཉིས་ངོ་བོར་འགྲོ་གཉིས་རེ་སྐོང་འཕྲུལ་ངག་བདེན་པའི་གསལ་བྱེད་ཆེ། །
མཁྱེན་གཉིས་ཉི་ཟླའི་གཟིགས་དགོངས་ཚད་ཀྱིས་སྒྲིབ་གཉིས་བག་ཆགས་ཡོངས་བསལ་བ། །
དོན་གཉིས་ལྷུན་གྲུབ་སྟོབས་ཀྱི་མངའ་བདག་མཚུངས་མེད་བླ་མར་སྙིང་ནས་འདུད། །
དུག་གསུམ་བདུད་འདུལ་གང་གི་དཔའ་བོས་སྙིང་རྗེ་གསུམ་གྱི་ངེས་རྙེད་ཅིང་། །
འཇིག་རྟེན་གསུམ་ན་ཟླ་དང་བྲལ་བ་ཆོལ་གསུམ་བརྒྱན་པའི་རེབ་གོང་སྟེ། །
མཆོག་གསུམ་མཆོད་གནས་སྨན་རི་བྱ་བར་སྡོམ་གསུམ་བརྟུལ་ཞུགས་ལྷུར་བཞེས་ཏེ། །
སྡེ་སྣོད་མཛོད་སོགས་ཀུན་ལ་འཆད་བཞིན་འཁོར་ལོ་གསུམ་གྱི་མཛད་པ་བསྐྱངས། །
བདེན་བཞིའི་དེ་ཉིད་ཡོངས་སུ་རྟོགས་པར་ཁུར་བཞིའི་ཏི་སེ་སྙིང་ལྟར་བསྒོམ། །
བོན་མང་འདུས་པ་རྒྱ་མཚོའི་དབུས་ན་ཛམྦུ་ཆུ་བའི་གསེར་ལྟར་བརྒྱན། །
དེ་ལྟར་འཕྲིན་ལས་རྣམ་བཞི་རྒྱས་པས་ཕྱོགས་བཞིའི་དད་ལྡན་ངང་གིས་འདུ། །
མིག་སེར་དབང་གིས་དགའ་བཞིས་དྲངས་ཏེ་རིག་འཛིན་རལ་བ་ས་རུ་ལྷགས། །
ལུས་དང་སྲོག་གི་ངལ་བར་མ་འཛེམས་འགྲོ་བ་སེམས་ཅན་དོན་ཕྱིར་དུ། །
རྔ་ལྗོངས་གཙོར་བྱས་ས་ཆེན་ཀུན་ནས་ཐོས་གསུམ་བསྒོམ་གསུམ་ཚུལ་བཞིན་མནོས། །
རྣམ་དཔྱོད་བློ་གྲོས་བྱ་ལམ་ཡངས་པར་ལུང་རིགས་གནམ་ལྕགས་ཐོག་འབེབས་པས། །
མཁས་གྲུབ་མཚན་གྱི་བ་གམ་བརྩེགས་པ་གཤེན་རབ་བྱེ་བས་བགྲང་ནུས་མིན། །
འཆད་པའི་རལ་གྲི་དགུང་དུ་ཕྱར་ཚེ་ལོག་སྨྲའི་སྤྲིན་ཕུང་སིལ་བུར་གཏོར། །
རྩོད་པའི་མེ་དཔུང་གྱེན་དུ་འཕྱུར་ཚེ་དྲེགས་ལྡན་མགྲིན་པ་རྨང་ནས་འགག །
རྩོམ་པའི་གྲུ་གཟིངས་ནམ་མཁར་འཇུག་ཚེ་རྒོད་པོ་དག་ཀྱང་ཆུ་གཏེར་འཛུལ། །
རིན་ཆེན་གསུམ་གྱི་བདག་པོ་གཅིག་པོ་དེང་གི་དུས་འདིར་ཅིས་མི་བསྔགས། །
སྒོམ་ཤར་ཞེས་གྲགས་སྨན་རིའི་ངོས་སུ་གང་གི་ཐུགས་བཅུད་་ལེགས་འཁྲུངས་ཏེ། །
བཤད་སྒྲུབ་བསྟན་པའི་དུང་ཆེན་བུས་པ་ས་གསུམ་འགེངས་པར་ཡིད་གཉིས་དབེན། །
ལྷག་དོན་རེབ་གོང་སྒྲུབ་སྡེ་བཅོ་བརྒྱད་ཉམས་གསོ་ཐེངས་ཤིག་མཛད་པའི་དྲིན། །
བསྐལ་བའི་མཐར་ཡང་ཆ་ཙམ་གཞལ་མིན་ཨེ་མ་མཁས་གྲུབ་འདི་ངོ་མཚར། །
སྐྱེས་ཆེན་གང་གི་བཙུགས་པའི་དཔག་བསམ་ཕྲག་དོག་སྟ་རེས་བསྣུན་བྱེད་པ། །
མ་རུང་བདུད་ཀྱི་འགོང་འདྲེ་རྣམས་ཀྱིས་ཁྱོད་ལ་སྙིང་ནས་བསྙད་བཏབ་ཀྱང་། །
ཐོགས་མེད་ཚིག་གིས་འགེམས་པར་མི་མཛད་བཟོད་པའི་གོ་ཆ་རིང་བགོས་པ། །
ཚུལ་འདིས་ཁྱོད་ཀྱི་རིག་པའི་ཤིང་འབྲས་མི་འགྱིང་སྨིན་པ་ངང་གིས་དཔོག །
ཇི་ལྟར་ཁྱབ་པས་མི་བོ་ཆེ་ལ་ཆོ་འཕྲུལ་སྣ་ཚོགས་བསྟན་མྱོང་བ། །
དེ་ལྟར་གང་གི་མཁྱེན་པའི་རྩལ་ལ་ལོག་འཛིན་དག་གིས་གཡུལ་བཤམས་ཀྱང་། །
ལུས་སྐྱེས་ཕྲ་མོའི་རྩེ་མོ་དག་ཀྱང་བསྒུལ་བར་མ་ནུས་ས་འཛིན་བཞིན། །
གཡོ་མེད་ངང་ནས་འགྲེངས་འདི་རྨད་དོ་རྣམ་རྒྱལ་སྟོན་པར་རྐང་བ་འཇོག །
དགེ་ལེགས་གཏེར་ཆེན་ཏི་སེ་སྤུངས་ལ་ལྷག་བསམ་ཉལ་འགྲོའི་རྒྱུད་མང་ལས། །
དྲངས་པའི་དབྱངས་རྟ་ལྷུན་གྲུབ་ཚལ་ན་རིགས་ཀྱི་ཅོད་པན་སྤྱི་བོར་མཛེས། །
མཁས་མང་རྒྱ་མཚོའི་བཅུད་ལེན་བསྟེན་པས་དེང་འདིར་གང་རིའི་ལྗོངས་འདི་ན། །
རིས་མེད་གྲུབ་མཐའི་ཟེར་མང་འཛིན་པ་ལྟ་བྱེད་སྟོང་གིས་བཙལ་ནུས་མིན། །
སྨྲ་དབང་དབྱངས་ཅན་བརྒྱ་ཡི་མགོན་པོ་དཔྱོད་ལྡན་ངུར་སྨྲིག་རྣམ་རོལ་བ།།
མཚུངས་མེད་རྒྱས་པའི་བློ་གྲོས་ཟླུམ་པོས་གདུལ་བྱའི་མཁའ་ཁྱབ་སེམས་ཅན་ཀུན།།
ལྷག་བསམ་ཟླ་ཚེས་དཀར་པོའི་མདངས་ཀྱིས་སྨིན་གྲོལ་ས་ལ་རབ་འཁོད་པ།།
དམུ་དབང་སྲས་བཅས་གང་གི་རྣམ་འདྲེན་དེང་འདིར་བཞུགས་ལ་མཛེས་པར་རྟོག།
- ཟིན་ཐོ་གོང་མ།གཟུགས་རྒྱན་ཉི་ཤུའི་དཔེར་བརྗོད་དབྱངས་ཅན་བཞད་པའི་ལང་ཚོ།
- ཟིན་ཐོ་འོག་མ།ཁྱེད་ཕྱོགས་སུ་ཆས་པའི་ལོ་ཟླ།