གཟུགས་རྒྱན་ཉི་ཤུའི་དཔེར་བརྗོད་དབྱངས་ཅན་བཞད་པའི་ལང་ཚོ།
སྙན་བཟང་བྱམས་པ།
༡ གཟུགས་ཅན་རྒྱན་གྱི་དང་པོ་བསྡུས་པའི་གཟུགས།
ཁྱོད་ལུས་དཔག་བསམ་འདོད་འབྱུང་ཆུ་བོའི་གཏེར། །
ཡིན་ཕྱིར་བློ་ལྡན་པད་དཀར་རབ་དུད་ན། །
ཁེངས་མཐོ་རྨ་བྱའི་བརྟུལ་ཞུགས་མི་འཛིན་པར། །
སྙན་ཚིག་ཟླ་བ་གཞོན་ནུས་སྐྱོང་བར་འཚལ། །
༢ གཟུགས་ཅན་རྒྱན་གྱི་གཉིས་པ་མ་བསྡུས་པའི་གཟུགས།
སྨན་རིའི་གླིང་གི་དགའ་ཚལ་རབ་ཡངས་པོར། །
གཤེན་བསྟན་སྐྱོད་པའི་ཟེར་མང་པད་མའི་གཉེན། །
འཆར་ཚེ་ལོག་ལྟའི་དུག་མདའ་འཕེན་པའི་ཚོགས། །
སྐད་ཅིག་སྙིང་གི་སིལ་ཏོག་དུམ་བུར་བགོས། །
༣ གཟུགས་ཅན་རྒྱན་གྱི་གསུམ་པ་བསྡུས་ཤིང་མ་བསྡུས་པའི་་གཟུགས་ཅན།
ཁྱོད་སྐུ་འབིགས་བྱེད་གདོང་པད་དཀར་་པོ་ལས། །
དུང་སོ་གེ་སར་རྡུལ་གྱིས་མ་གོས་པར། །
རྒྱུན་བཟང་གསུང་གི་གཱང་ག་བསྐྱོད་པའི་ཚེ། །
ཐུགས་ཀྱི་མེ་ཏོག་འཛུམ་པའི་གང་བུ་མཛེས། །
༤ གཟུགས་ཅན་རྒྱན་གྱི་བཞི་བ་མཐའ་དག་གཟུགས་ཅན།
ཟབ་རྒྱས་མདོ་སྔགས་རྒྱ་མཚོ་རྩོད་པའི་གྲྭར། །
རྣམ་དཔྱོད་གཞུ་རྒྱུད་འགུག་པའི་རྩེད་འཇོ་དང་། །
བརྒལ་བརྟག་ལུང་རིགས་འཛིན་པའི་སྒྲོ་གཤོག་ཅན། །
ཐལ་འགྱུར་འཕེན་པའི་རྦ་རླབས་གཡོ་དག་མཚར། །
༥ གཟུགས་ཅན་རྒྱན་གྱི་ལྔ་བ་ཆ་ཤས་གཟུགས་ཅན།
གདོང་པད་འཛུམ་པ་ཟླ་བའི་ཞུན་མ་དང་། །
ཡོངས་མཚུངས་སྤྱན་ཟུང་གཡོ་བའི་བུང་བ་ལྡིང་། །
རྐེད་རྐུབ་ཕྲ་ལྡེམ་ལྕུག་ཕྲན་རྒྱ་ལྕང་གང་། །
དགའ་མ་ཁྱོད་ནི་བདག་གི་རྨི་ལམ་ཉིད། །
༦ གཟུགས་ཅན་རྒྱན་གྱི་དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན།
ཁྱོས་སྐུ་འདམ་སྐྱེས་དོ་ར་འདིར། །
རབ་མཛེས་ལེགས་བཤད་གསར་འཁྲུངས་དང་། །
རབ་སྙན་རྒྱུད་མངས་བདུང་བ་སོགས། །
དབྱངས་ཀྱི་ཆོས་རྣམས་ཡོངས་སུ་བཞད། །
༧ གཟུགས་ཅན་རྒྱན་གྱི་བདུན་པ་ཡན་ལག་གཉིས་གཟུགས།
སྙན་འགྱུར་འབུམ་གྱིས་བལྟས་པའི་གསུང་གི་རྒྱུན། །
སྐུ་ཉིད་རབ་དགའི་མེ་ཏོག་འབར་བའི་ཆར། །
ཐུགས་གསང་བཅུད་ཀྱི་ཆུ་གཏེར་ཀློང་རྒྱས་པ། །
རྟེན་གསུམ་ཆོས་ཀྱི་རྒྱལ་བོ་ཉིན་མོའི་མགོན། །
༨ གཟུགས་ཅན་རྒྱན་གྱི་བརྒྱད་པ་ལྡན་པའི་གཟུགས་ཅན།
ཁྱོད་སྐུ་རི་རྒྱུད་ལྷུན་པོའི་ཐུགས་དཀྱིལ་འདིར། །
རིག་པའི་གཏེར་ཁ་ཅི་ཡང་བརྡོལ་བས་ན། །
མི་འགྱིང་སྟོང་བའི་ཐིག་ལེར་འགྱུར་ངེས་ཞེས། །
དཔྱོད་ལྡན་འབིགས་བྱེད་སྟོང་གིས་སྨྲེ་ངག་འདོན། །
༩ གཟུགས་ཅན་རྒྱན་གྱི་དགུ་བ་མི་འོས་པའི་གཟུགས་ཅན།
ཁྲེལ་མེད་རྡོ་རྗེ་མཇུག་མའི་སྟོང་ཟུག་གིས། །
དོན་མེད་རྡོ་རྗེ་མཐིལ་ལ་སྦྲོན་བྱེད་ཅིང་། །
ཁྱུ་རུ་མི་གནས་གཡང་སར་རྟག་དུད་པའི། །
རྭ་མའི་ཨུ་ཚུགས་དུས་ཀྱི་མཐའ་མར་རྒོད། །
༡༠ གཟུགས་ཅན་རྒྱན་གྱི་བཅུ་བ་མི་མཉམ་པའི་གཟུགས་ཅན།
ཁྱོད་སྐུ་མཚན་དཔེའི་མེ་ཏོག་འབར་བས་སྐྱེ་རྒུའི་ཡིད་སེམས་རབ་འཕྲོག་ཅིང་། །
འཆད་རྩོད་རྩོམ་ལ་ཕྱག་སྟོང་བསྐྱོད་པའི་གར་གྱི་ཉམས་དགུ་བསྟན་པ་ལས། །
རིག་པའི་མཚན་མར་ཞབས་རྗེས་རེ་ལས་མུ་ཏིག་བདོག་པ་འོད་དུ་འཛུམ། །
འཛུམ་པའི་མདངས་ཀྱིས་མིག་གི་ཨུཏྤལ་དེང་གི་སྲིད་ན་རབ་ཏུ་མཛེས། །
༡༡ གཟུགས་ཅན་རྒྱན་གྱི་བཅུ་གཅིག་པ་ཁྱད་པར་གྱི་གཟུགས་ཅན།
མ་ཧཱ་མཁས་པའི་རྗེས་བཞག་ནོར་བུ་ནི། །
བསྟན་བཅོས་རི་བོའི་གཏོས་དང་མཉམ་བྱེད་པར། །
སྙིང་བོ་ཕྲེང་བར་བརྒྱུས་པའི་མགུལ་བ་ན། །
དཔྱོད་ལྡན་དབུགས་དབྱུང་དབེན་པས་འཆེལ་བར་བརྟེན། །
༡༢ གཟུགས་ཅན་རྒྱན་གྱི་བཅུ་གཉིས་པ་འགལ་བའི་གཟུགས་ཅན།
སྔོ་བསང་སྒེག་མོའི་ཁྱིམ་དུ་མི་གནས་ཤིང་། །
རེག་པ་བསིལ་བའི་སྣང་བ་མི་སྟེར་བར། །
སྡུག་གུ་ཁྱོད་ཞལ་ཟླ་བའི་དཀྱིལ་འཁོར་ལས། །
སྐད་ཅིག་དྲན་པའི་ལྕགས་ཀྱུར་རྣོ་ངར་འཇོག །
༡༣ གཟུགས་ཅན་རྒྱན་གྱི་བཅུ་གསུམ་པ་རྒྱུ་ཡི་གཟུགས་ཅན།
ཁྱོད་ནི་རྣམ་པར་དག་པས་ཀེ་ཏ་ཀ །
ཕྱོགས་མེད་འགྲོ་ཀུན་འདྲེན་ཕྱིར་སྙིང་རྗེའི་ལྷ། །
སྤང་བླང་ཚུལ་བཞིན་སྟོན་པས་དམ་པ་སྟེ། །
དགེ་ལེགས་བླ་མ་ནོར་བུའི་ཏོག་ཏུ་ངེས། །
༡༤ གཟུགས་ཅན་རྒྱན་གྱི་བཅུ་བཞི་བ་སྦྱར་བའི་གཟུགས་ཅན།
ཀྱེ་མ་སྨྲ་སེང་ཁྱོད་སྐུ་འཛིན་མ་ན། །
ཟེར་མང་གསེར་ཆེན་གྱི་ནི་གསལ་མདངས་རྫོགས། །
རྐང་དྲུག་འཕུར་ལྡིང་རྩེན་པའི་འདབ་ཡངས་སུ། །
བཅུད་དུ་རོལ་བའི་སྣང་རྣམ་སའི་རྡུལ་གྲངས། །
༡༥ གཟུགས་ཅན་རྒྱན་གྱི་བཅོ་ལྔ་བ་དཔེའི་གཟུགས་ཅན།
ཡིད་འོང་རབ་ཏུ་འཕྲོག་པའི་གེ་སར་ཅན། །
སྙིང་སྡུག་སྒེག་མོར་་བཞིན་དཔལ་མཛེས་པ་ཉི་མའི་གཉེན། །
རྨད་བྱུང་དྲི་ཟའི་སྒེག་མོར་རབ་འཁུ་བའི། །
ཆུ་སྐྱེས་ཡང་ནི་རྡུལ་དང་བྲལ་བ་བཞིན། །
༡༦ གཟུགས་ཅན་རྒྱན་གྱི་བཅུ་དྲུག་པ་ལྡོག་པ་ཅན་གྱི་གཟུགས་ཅན།
ར་ཡིག་གཉིས་པས་གེ་སར་བཅུད་རྣམས་དང་། །
གསེར་ལྗོངས་གཞོན་ནུས་ཁྱོད་གདོང་པད་མ་གཞིབས། །
དེ་ནི་དུས་ཀྱི་དབང་གིས་མྱོང་བྲལ་ཡང་། །
འདི་ནི་རྟག་ཏུ་སྦྲང་རྩིའི་རྒྱལ་མཚན་འཛིན། །
༡༧ གཟུགས་ཅན་རྒྱན་གྱི་བཅུ་བདུན་པ་འགོག་པའི་གཟུགས་ཅན།
སྨིན་ལེགས་རྣམ་འཕྲུལ་མིག་གི་ཅོད་པན་ཅན། །
དུང་བའི་ཟུར་མིག་གཞན་ལ་འཕེན་པ་ཡིས། །
སྟེང་འདིའི་ཡོད་རྒུ་ཁྱོད་ཕྱོགས་ཆས་གྱུར་ན། །
རྒྱུ་འབྲས་དྲང་བཞག་ཟེར་བ་གང་ན་མཆིས། །
༡༨ གཟུགས་ཅན་རྒྱན་གྱི་བཅོ་བརྒྱད་པ་མཉམ་འཇོག་གི་གཟུགསཅན།
ཕྲ་མེན་ཁྱོད་སྐུ་མཛེས་པའི་དགའ་ཚལ་གྱི། །
འཁྲི་ཤིང་འཁྱོག་པའི་རང་བཞིན་ཀུན་བསླངས་ཏེ། །
སྐད་ཅིག་བདག་ཡིད་གཏོར་བའི་གྲོགས་བྱེད་པ། །
མ་དག་ཚེ་སྔོན་བསགས་པའི་ལས་ཀྱི་སྐྱོན། །
༡༩ གཟུགས་ཅན་རྒྱན་གྱི་བཅུ་དགུ་བ་གཟུགས་ཅན་གྱི་གཟུགས་ཅན།
གང་གི་རྣམ་དཔྱོད་གཞུ་ཡི་འཇའ་ཚོན་གྱི། །
ལྟོང་དུ་ལུང་རིགས་སྒྲོ་གཤོག་འཕུར་མདའི་ཁྱུ། །
གཅིག་རྗེས་ཆར་བའི་མེ་ཏོག་རྒྱུན་བསྲིངས་ཏེ། །
ལོག་རྟོག་རུ་ཏྲ་གཞོམ་པའི་དམག་དཔུང་བསྡུས། །
༢༠ གཟུགས་ཅན་རྒྱན་གྱི་ཉི་ཤུ་བ་བསྙོན་དོར་གཟུགས་ཅན།
དྲག་ཏུ་འཕྱོ་བའི་རྦ་རླབས་རིང་མོ་འདི། །
ཁྱོད་གསུང་མ་ཡིན་རྨ་ཀླུང་རིང་མོའི་རྒྱུན། །
ཐུགས་ཟབ་ཆུ་གཏེར་རྣམ་བཞིའི་ཀློང་ཡངས་འདི། །
ནམ་མཁའ་མ་ཡིན་ཟླ་བའི་མ་མ་ཉིད། །
- ཟིན་ཐོ་གོང་མ།ཁྲི་སྲོང་ལྡེ་བཙན་གྱི་ཡུམ་སུ་ཡིན་པ་དང་འཁྲུངས་ལོའི་ཐད་བཞེད་པ་
- ཟིན་ཐོ་འོག་མ།མཁས་དབང་བོན་བརྒྱ་རིན་པོ་ཆེ་ལ་བསྟོད་པ་