ཚེ་ལོ་དཔག་མེད་གོང་ནས་འགྲོ་བ་མི། །
བྱོན་པའི་སྨྲངས་རབས་བདེན་དོན་སྨྲ་བའི་ལྕེ། །
སྲིད་པའི་ཁམས་སུ་ཁྱབ་པའི་འོད་སྣང་ཞིག །
བཀྲ་བའི་དགེ་མཚན་གང་ཞིག་བག་ལ་ཞ། །
ཁྲི་མ་འབུམ་གྱི་ལོ་རབས་འགོ་ཚུགས་ཏེ། །
འཛམ་གླིང་ཤེས་རིག་རྨངས་གཞི་དུས་དེ་ནས། །
གཏིང་བའི་དུས་ཆེན་ཤར་ཕྱོགས་ཕྲག་གོང་དུ། །
འཆར་བའི་ཉི་གཞོན་བཀྲ་ཤིས་དགའ་ཚལ་རྒྱས། །
མི་ཡི་ཚེ་ཚད་སྟོང་གི་ངང་གནས་ཤིང་། །
འགྲོ་བའི་འདྲེན་སྟོན་ཕྱོགས་དང་དུས་ཀྱི་མཐར། །
སྤེལ་དང་འཛིན་པའི་ལམ་ལུགས་ཡངས་པོ་ཞིག །
ཀུན་གྱི་དད་སེམས་སྤུངས་པའི་རྟེན་དུ་མཛེས། །
ལྔ་བརྒྱ་ཚེ་ཚད་ལྡན་པའི་སྐྱེ་བོ་རིགས། །
དག་པའི་སངས་རྒྱས་མི་ཡི་གཟུགས་སྤྲུལ་ནས། །
སེམས་ཅན་གང་ཞིག་བླང་དོར་མིག་བུ་རུ། །
ཁྲིད་པའི་དཔོན་གསས་ཚོགས་ཀྱི་མཛད་འཕྲིན་རྒྱས། །
བརྒྱ་ཡི་དུས་འགོ་རྩོད་ལྡན་དུས་ཀྱི་སྙིགས། །
རྒྱལ་བ་གཤེན་རབ་མི་བོ་རྣམ་རྒྱལ་ཞེས། །
འཛམ་གླིང་ཤེས་རིག་སྒོ་མོ་འབྱེད་པའི་དོན། །
བྱོན་ཞིག་སྐྱེ་བཞེས་འགྲོ་བའི་དོན་ཆེན་མཛད། །
འཛམ་གླིང་མི་རྣམས་ཚེ་ལོ་བརྒྱད་ཅུའི་དུས། །
ལྷོ་ཕྱོགས་རྡོར་གདན་ཡུལ་གྱི་སྙིང་བོ་རུ། །
རྒྱལ་པོའི་ཤག་སྲས་བཅོམ་ལྡན་འདས། །
ཉན་ཐོས་ཞི་བ་འཚོལ་རྣམས་བདེ་བར་ཁྲིད། །
དེ་ཡང་འཛམ་གླིང་ཡང་རྩེ་གངས་ཅན་ལྗོངས། །
མངའ་བདག་བཅུ་གཉིས་ལ་སོགས་དུ་མ་ཡིས། །
ལོ་རབས་ཁྲི་ཕྲག་འགའ་ཡི་ཡར་གོང་ནས། །
རྒྱལ་ཕྲན་སྐྱོང་བའི་མཛད་པ་བསམ་མཐའ་ཡས། །
ཡང་ཁྱད་བཙན་པོ་ཐོག་མ་གཉའ་ཁྲི་ཞེས། །
ཐ་ཚན་ཧི་སངས་སྐྱེས་ཀྱི་གདུང་འཛིན་པའི། །
སྐྱེས་བུ་དེ་ཉིད་དོག་ཏུ་འབབས་པ་དང་། །
སྐུ་གཤེན་རྣམས་ཀྱིས་བཙན་པོ་ཐོག་མར་བསྐོས། །
དེ་ལྟར་གནམ་གྱི་ཁྲི་བདུན་གོང་ནས་བརྗིད། །
བར་དུ་སྐུ་གཤེན་བྱིན་རླབས་ཚན་ཁ་རྒྱས། །
འོག་ཏུ་བློན་དཔོན་བློ་གྲོས་དགུང་དུ་འཚེར། །
ཡང་འོག་འབངས་རྣམས་དགེ་སྐྱོན་རྣམ་པར་འབྱེད། །
རིམ་བཞིན་བར་གྱི་ལྡེམ་གཉིས་ལ་སོགས་པའི། །
བཙན་པོ་སུམ་ཅུ་ལྷག་གིས་ཁ་བ་ཅན། །
ཆོས་སྲིད་འགལ་འདུ་རྩོད་གླེང་སྣ་ཚོགས་ཀྱིས། །
འཕེལ་འགྲིབ་རེས་མོའི་ཁྲོད་གནས་དུས་རབས་ཤིག །
ལོ་ངོ་ཁྲི་མ་འབུམ་གྱི་མི་རབས་བར། །
གནས་ཏེ་འཛམ་གླིང་ངོམ་རན་ཞི་བདེའི་བསྟན། །
ཡར་འཕེལ་མར་འགྲིབ་ངང་དུ་གནས་ནས་ནི། །
འགྲོ་བ་རང་མོས་ཁམས་བཞིན་དུས་དང་བསྟུན། །
བོད་རྒྱལ་བཙན་པོ་སོ་གསུམ་སྲོང་བཙན་པས། །
ལྷོ་ཕྱོགས་ཡུལ་གྱི་ཤག་སྲས་ལུགས་སྲོལ་དག །
སྤུ་རྒྱལ་ཡུལ་དུ་འདྲེན་པའི་དུས་འགོ་སྟེ། །
ཚུགས་པའི་དུས་རབས་ལྷོ་ཕྱོགས་ཡུལ་ནས་ཤར། །
དེ་ལྟར་སྔ་དར་གཡུང་དྲུང་བོན་བསྟན་དང་། །
ཕྱིས་དར་དམ་པའི་ཆོས་གཉིས་བར་དུ་འང་། །
འགལ་འདུ་འཁྲུགས་མཐུན་སྣ་ཚོགས་རྐྱེན་དབང་གིས། །
ཁ་བ་ཅན་གྱི་སྐྱིད་སྡུག་ང་རེ་འཇིགས། །
དུས་རབས་བདུན་པའི་བོད་ཀྱི་བཙན་པོ་བ། །
ཁྲི་སྲོང་གང་དེས་སྔ་བསྟན་ནུབ་བརྩམས་པའི། །
དབུས་གཙང་ཡུལ་གཙོས་བོད་ཡུལ་རུ་བཞི་ལ། །
མི་བདེ་ནད་སྨུག་བསྐལ་བའི་དུས་རབས་ཤར། །
འོན་ཀྱང་སྔོན་བྱོན་བཙན་པོ་གོང་མ་རྣམས། །
ཆོས་སྲིད་གཉིས་ལས་ཆོས་དེ་གཙོར་འཛིན་ཏེ། །
སྲིད་འཛིན་ལམ་ལུགས་ལ་སོགས་རྒྱལ་སྐྱོང་ཐབས། །
ཉམས་དང་ཉམས་བཞིན་མཐོང་ཐོས་ཡུལ། །
བསམ་བློ་རབ་ཟབ་བཙན་པོ་འུ་དུམ་བཙན། །
མི་རིགས་རྗེས་སྐྱོང་ཡང་རྩེར་སོན་པའི་སླད། །
ཆོས་སྲིད་སོ་སོར་འབྱེད་པའི་ལྟ་བ་འཁྲུངས། །
ལོ་དུས་སྟོང་ཕྲག་འགའི་གོང་གསར་སྐྱེས་བློ། །
ཕྱོགས་རིས་ཕྲག་དོག་ཆོས་འཛིན་དཔལ་རྡོར་གྱིས། །
ལོ་ངོ་སྟོང་ཕྲག་དུ་མའི་བཙན་པོའི་རྒྱུད། །
རྩད་ནས་གཅོད་པས་གངས་ཅན་ཡུལ་ལྗོངས་ཉིད། །
སླར་ཡང་མུན་པའི་འཁྲུགས་རྩོད་གནས་སུ་གཏོང་། །
- ཟིན་ཐོ་གོང་མ།རང་བཞིན་གྱི་འོད་མདངས།
- ཟིན་ཐོ་འོག་མ།རྗེས་དྲན་འོད་སྣང༌།