ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧གྱ་སྟོན་གྱི་རྩོམ་བསྡུ་གསལ་བརྡ། | 2012/5/3 16:01:00

༧ དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་རྩོམ་བསྡུ་དང་མཛད་རྣམ་རགས་བསྡུས་ཞུ་བ་ལ།

   དེ་ཡང་སྤྱི་ལོ་༡༩༣༣ཆུ་བྱ་ལོར་མདོ་སྨད་ཤར་གཉན་དུང་རི་དཀར་བོ་དང་གནས་ཆེན་བྱང་བྱ་དུར་ཉེ་འགྲམ་ལྷ་རི་སྐྱང་ཚང་བསྡུས་དབང་མདུན་ཞོལ་མཎྚལ་ཚོམ་བུ་བཀོད་པ་འདྲ་བའི་སྐྱང་ཚང་རི་སྡེ་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་ཧོས་སྐོས་ཚང་དུ་སྐུ་མངོན་པར་བལྟམས་ཞིང་།
   ཆུང་དུས་ནས་ཐུགས་རྒྱུད་ཞི་ཞིང་དུལ་བ་སྐྱེས་ཆེན་མང་བོས་དྲན་པའི་རྣམ་རོལ་རེད་ཅེས་དང་བླ་མ་ལ་ལས་སྐྱང་འཕགས་རིན་པོ་ཆེའི་འོད་ཟེར་ཕོག་པའི་སྐྱེས་བུ་ཞིག་གསུངས་སྲོལ་འདུག ། ཆུང་དུས་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་ཧོར་བ་རབ་འབྱམས་པ་༧དཔལ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་སུམ་ལྡན་བླ་མར་བསྟེན་ནས་ལོ་གྲངས་མང་བོའི་རིང་ཁོང་གི་མདུན་དུ་མདོ་སྔགས་སེམས་གསུམ་རིག་པའི་གནས་དང་བཅས་པ་སྦྱོང་བར་མཐར་ཕྱིན་མཛད་དེ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། གཞན་སྐྱང་ཚང་དབོན་པོ་རིན་པོ་ཆེ་དང་། རྔ་ཡུལ་རྟོགས་ལྡན་དགོན་གྱི་ཡོངས་འཛིན་བཟོད་པ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་ཞིབ་རྒྱས་གསན་བཞེས་མཛད། 
   དེའི་རྗེས་སུ་ཀྲུང་གོ་ཡོངས་རྫོགས་རིག་གསར་སོགས་དུས་ཀྱི་རྐྱེན་པས་ལོ་མང་རིང་མཉམ་ལས་ལས་ཀ་སོགས་སུ་བཞུགས། འོན་ཀྱང་ཕྱི་ཚུལ་ནང་ཁྲིམས་གང་གི་ཐད་ལའང་དྲི་མས་དབེན་ཞིང་དུས་རྟག་ཏུ་ཉམས་ལེན་རྒྱུན་སྐྱོང་མཛད།
   ལོ་རབས་བརྒྱད་ཅུ་ནས་སླར་ཡང་ཆོས་སྒོ་ཕྱེ་བའི་དུས་བཟང་ཤར་ནས་ཁོང་རྣམ་པས་བོད་ཁ་བ་ཅན་གྱི་རིག་གནས་སྤྱི་དང་ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞབས་ཕྱིས་ཞུ་འདོད་སྐོམ་པ་ཆུས་གདུང་བ་འདོད་པ་ལྟར་གྱི་ཐུགས་སེམས་འཆང་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་ཞྭ་དཀར་བསྟན་པའི་རིང་ལུགས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ཕྱིའི་སྐུ་གསུང་ཐུགས་རྟེན་གྱི་འཛུགས་སྐྲུན་དང་ནང་གི་བསླབ་པ་གསུམ་གྱི་ཉམས་ལེན་རྒྱུན་སྐྱོང་།
   མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་༧སློབ་དཔོན་བསྐལ་བཟང་དར་རྒྱས་ཚང་དང་ཁོང་རྣམ་པ་གཉིས་ཀྱིས་དབུ་ཁྲིད་ནས་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་ཕྱག་བཏབ་མཛད་ནས་བཤད་གྲྭ་དང་སྒྲུབ་གྲྭ་སོགས་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་མང་བོ་གསོ་སྐྱོང་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་ཆེན་མཛད། དེ་བཞིན་ལྷ་སྡེ་མི་དམངས་ལ་ལོ་རེ་བཞིན་དགེ་སྡིག་སྤང་བླང་གི་བསླབ་བྱ་སོགས་གནང་ཞིང་།
  དེང་གི་ཆར་མདོ་སྨད་ཟིང་ཆུའམ་ཤར་ཁོག་ཏུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་བྱུང་བ་འདི་ཡང་མཁན་སློབ་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན།
   ལོ་མང་རིང་རྫོང་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེ་བའི་མཚན་རྟགས་སོགས་ཀྱང་བཞེས་གནང་བ་རེད། 
   ༡༩༩༩ལོར་དགོན་ཆེན་གྱི་མཁན་པོ་ལས་ཟུར་གནང་ནས་དེང་གི་བར་དུ་རང་དགོན་དང་གནས་ཆེན་མཁའ་འགྲོ་འོག་གདོང་རི་ཁྲོད་ལ་སོགས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ཁོ་ནར་བསྐྱངས་ནས་བཞུགས། 
   ད་ལན་མཁན་ཟུར་རིན་པོ་ཆེ་བསྟན་དང་འགྲོ་བའི་དོན་དུ་ཕེབས་ནས་བགྲང་བྱ་བརྒྱད་ཅུར་སོན་པའི་དུས་སྟོན་དང་བསྟུན་ནས་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གི་བཀའ་དགོངས་ལྟར་༧མཁན་ཟུར་རིན་པོ་ཆེ་ལ་ཕྱོགས་གང་སར་བཞུགས་པའི་བླ་སྤྲུལ་མཁན་པོ། དགེ་བཤེས་དང་གྲྭ་བཙུན། དད་ལྡན་མང་ཚོགས་སོགས་སུ་དང་གང་ཡིན་གྱིས་བརྟན་བཞུགས་གསོལ་འདེབས་དང་རྟེན་འབྲེལ་ཤིས་ཚིག་རེ་ཕུལ་གནང་བར་བཀའ་དྲིན་ཆེ་ཞུས།
འདིར་འབྱོར་བའི་གསོལ་འདེབས་དང་ཤིས་ཚིག་རྣམས་གྱ་སྟོན་གྱི་དེབ་ཞིག་དཔར་བསྐྲུན་བྱེད་རྒྱུ་ཡིན་པས།
བོན་གྱི་བླ་སྤྲུལ་དང་མཁན་པོ་དགེ་བཤེས། རྩོམ་པ་པོ་རྣམས་ཀྱིས་སྤྱི་ཟླ་དྲུག་པའི་ཚེས་༡༥་གོང་ལ་ཁོང་རིན་པོ་ཆེའི་གྱ་སྟོན་དུ་བརྟན་བཞུགས་གསོལ་འདེབས་རྟེན་འབྲེལ་ཤིས་ཚིག་མང་ཉུང་ལ་མ་ལྟོས་པར་འདི་གར་བསྐུར་གནང་བར་ཐུགས་རྗེ་ཆེ།
ཞེས་ཤར་དུང་རི་བ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན། གཙོ་ཁམས་ཆེན། རིན་སྤུངས་ཚུལ་བསྟན་བཅས་ཀྱིས་རྒྱལ་ས་པེ་ཅིང་གི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་༢༠༡༢ལོའི་ཟླ༥ཚེས༢ཉིན།

ཤིས་ཚིག་བསྐུར་ཡུལ།
ཡིག་སྒམ། tanzen2010@yahoo.com.cn

Re:༧གྱ་སྟོན་གྱི་རྩོམ་བསྡུ་གསལ་བརྡ། | 2012/5/3 20:09:45
tdmbབསྟན་འཛིན་སྐྱེས་བུ་མི་ཡི་སེང་གེའི་ཞབས།།
ས་ཕྱོགས་གར་བཞུགས་བསྟན་པ་གར་འཛིན་ཀྱང་།།
གདུལ་བྱ་སྨིན་གྲོལ་ལམ་ལ་འཁོད་པ་དང་།།
བར་ཆོད་མ་ལུས་ཡོངས་སུ་ཞི་གྱུར་ཅིག། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.