སྐྱབས་འདྲེན་པའི་གཙོ་བོ་ལྷ་གཅིག་ལ། །དོན་སྟོང་ཉིད་ནམ་མཁའི་རྣལ་འབྱོར་བ། །ལམ་འགག་མེད་སྟོན་པའི་སྐུ་དྲིན་ཅན། །གདུང་སངས་རྒྱས་ཀྱི་བརྒྱུད་པ་བྲུ་ཤ་རྗེ། །མཚན་ཡོངས་སུ་གྲགས་པའི་དྲིན་ཅན་གསུམ། །གནས་སྤྱི་བོ་བདེ་ཆེན་གྱི་དཀྱིལ་འཁོར་དུ། །དུས་འདུ་འབྲལ་མེད་པར་བཞུགས་སུ་གསོལ། །སེམས་དམར་ཐག་ཆོད་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་མཐོ་བའི་གྲོགས་པོ་རྣམས། །ང་ཐ་སྙད་ཀྱི་སྡེབ་སྦྱོར་མི་མཁས་ཤིང་། །དོན་ཐེག་ཆེན་གྱི་རྟོགས་པ་ང་མི་མཐོ། །དབྱངས་པི་ཝང་གི་འགྱུར་སྐད་མི་མཁས་ཏེ། །ཁམས་གཏིང་ནས་དང་བའི་གླུ་ཞིག་ལེན། །སྙན་ལེགས་པོར་གསོན་དང་ཐུགས་ལ་ཁྲེམ། །ཕོ་འདོད་མེད་སྤྲང་བོ་འདམ་སྟོན་ང་། །བློ་ཐག་ཆོད་ཀྱི་རྣལ་འབྱོར་ཞིག་བྱ་བསམ་ནས། །ཡུལ་རྒྱ་ཤོད་རྐོང་བོའི་མཐིལ་དུ་ཕྱིན། །རི་བོན་རི་ཆེན་པོའི་ཤར་ཕྱོགས་སུ། །མི་ཁོ་བོ་བསམ་གཏན་བསྒོམ་དུ་ཕྱིན། །དུས་ཟླ་བ་བདུན་དུ་ཏིང་འཛིན་བསྒོམས། །རེས་འགའ་ལ་ཞི་གནས་ཞོ་ལྟར་ཆགས། །རེས་འགའ་ལ་རྣམ་རྟོག་ཆུ་ལྟར་འབྲུག །ལར་སེམས་ཀྱི་ཡིན་ལུགས་མ་ཤེས་པས། །ལུས་སེམས་དང་གཉིས་ཀ་བཙོན་དང་འདྲ། །སྒོམ་དེ་ལ་ཡིད་ནག་གཏིང་ནས་ཆད། །སྐྱབས་གཞན་གྱི་རེ་ས་ངས་མ་རྙེད། །རྗེ་འགྲན་ཟླ་བྲལ་བའི་བླ་མ་གསུམ། །གནས་སྤྱི་བོའི་གཙུག་ཏུ་བརྩེགས་མར་བསྒོམ། །ལུས་བ་སྤུ་གཡོ་ཞིང་ཕྱག་རྒྱ་བཅས། །སེམས་གཏིང་ནས་གདུང་བའི་མོས་གུས་བསྐྱེ།ད །དབུགས་བྱང་ཁོག་བཀངས་ནས་སྨྲེ་ངག་བཏོན། །གདོང་མཆི་མས་བཀངས་ནས་བླ་མ་བོས། །དུས་ཐུན་དུ་བཅད་ནས་གསོལ་བ་བཏབས། །ཁམས་ཆུ་མོ་གླང་ལོ་རྒྱལ་ཉ་ཡི། །ཚེས་བརྒྱད་ཀྱི་ཉི་མ་རྩེ་ཤར་དུས། །གཏད་མེད་དུ་རིག་པ་ཡེངས་ནས་ཐལ། །དྲན་པས་ཟིན་ནས་བལྟས་པའི་ཚེ། །འབྱུང་བཞི་ཟད་པའི་ནམ་མཁའ་བཞིན། །གཞི་རྩ་མེད་པར་ཧར་གྱིས་སོང་། །དེ་ཀུན་གཞིའི་ངོ་བོ་ཡིན་པར་འདུག །བོན་ཉིད་ཀྱི་དབྱིངས་སུ་ཐག་བཅད་བཞག །སྤྲིན་དང་བྲལ་བའི་ཉི་མ་བཞིན། །སྒྲིབ་གཡོག་མེད་པར་ལྷག་གིས་ཤར། །དེ་རིག་པའི་ངོ་བོ་ཡིན་པར་འདུག །རང་འབྱུང་ཡེ་ཤེས་སུ་ཐག་བཅད་བཞག །སྤྲིན་མེད་ནམ་མཁའ་ལ་ཉི་ཤར་བཞིན། །སྟོང་གསལ་དབྱེར་མེད་ཕྲུག་གིས་འདྲེས། །དེ་མ་བུ་དབྱེར་མེད་ཡིན་པར་འདུག །བོན་སྐུའི་ངོ་བོར་ཐག་བཅད་བཞག །ཆུ་རྐ་བསྒྱུར་བའི་རང་ཐག་བཞིན། །རྣམ་རྟོག་གི་འགྲིམ་འགྲུལ་རྦད་ཀྱིས་བཅད། །དེ་བློས་བྱས་ཀྱི་དྲི་མ་ཟད་པར་འདུག །དྭངས་སྙིགས་ཕྱེད་པར་ཐག་བཅད་བཞག །སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན། །ཤར་མ་ཐག་ཏུ་རང་ངོ་ཤེས། །དེ་སྔོན་སྦྱངས་ཀྱི་ལས་འཕྲོ་ཡིན་པར་འདུག །བསྒོམ་རྒྱུ་མེད་པར་ཐག་བཅད་བཞག །དེ་ཉིན་ཉི་མ་ཚུན་ཆད་དང་། །དེ་རིང་ཉི་མ་ཕན་ཆད་དུ། །སེམས་ཅི་བདེར་ཀློད་པ་མ་གཏོགས་པ། །སྒོམ་ཐུན་མཚམས་སུ་འཛིན་རྒྱུ་ང་ལ་མེད། །བློ་མི་བདེ་བའི་མདུད་པ་རང་སར་གྲོལ། །དོན་བདེ་ཆེན་གྱི་ལམ་སྣ་ཟིན་པ་འདྲ། །གླུ་མཆོད་པ་འབུལ་ལོ་བླ་མ་རྗེ། །ཚིག་ཡུལ་བར་མ་བཏང་དམ་ཅན་རྣམས། །དུས་ཀུན་ཏུ་བདེ་བའི་སྨོན་ལམ་ཞུ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །རྩ་བའི་བླ་མ་བཀའ་དྲིན་ཅན། །སྐྱབས་དམ་པ་གསུམ་ལ་གསོལ་བ་འདེབས། །ངག་མགྲིན་པའི་རྩ་ཁ་དབྱེ་བ་དང་། །བློ་འཁྲུལ་བའི་རབ་རིབ་བསལ་ནས་ཀྱང་། །དྲན་ཤེས་བཞིན་ལྡན་པར་བྱིན་གྱིས་རློབས། །ང་སྒོམ་པའི་ཉམས་མྱོང་མི་གདའ་སྟེ། །བསམ་པའི་བསམ་སྨོན་འདི་ལྟར་དྲན། །བྱུར་འཁོར་བ་འདི་ཞིང་ས་གཤིན་པ་དང་གཅིག །རྒྱུ་དུག་ལྔ་འདི་ས་བོན་བཟང་བ་དང་གཉིས། །རྐྱེན་གཟུང་འཛིན་འདི་སོ་ནམ་མཁས་པ་དང་གསུམ། །ད་ཞེན་པ་གཏིང་ལོག་གི་སེར་ཆེན་ཞིག་མ་ཕབ་ན། །བག་ཆགས་ཀྱི་ལོ་ཐོག་ཆོམ་པ་དཀའ་མོ་གདའ། །ཕྱི་སྣང་བའི་རི་མོ་ལེགས་པ་དང་གཅིག །སེམས་དྲན་པ་འདི་བསྒྱུར་ཁ་ཡང་བ་དང་གཉིས། །ཡིད་འགྱུ་བ་འདི་བརྡ་སྦྱོར་མཁས་པ་དང་གསུམ། །ད་ཕྱི་ནང་ཟང་ཐལ་གྱི་སོ་བ་ཞིག་མ་བཞག་ན། །ཡུལ་ཤེས་ཀྱི་འབྲེལ་ཐག་ཆོད་པ་འདི་དཀའ་མོ་གདའ། །ལས་ངན་པ་འདི་དམག་དཔུང་ཆེ་བ་དང་གཅིག །རང་རིག་པ་འདི་མིག་རྩ་ཕྲ་བ་དང་གཉིས། །བློ་རྣམ་རྟོག་འདིས་ནང་དབྱེན་བྱེད་པ་དང་གསུམ། །ད་སྟོང་ཉིད་སྤྱི་བླུགས་ཀྱི་མཁར་ཆེན་ཞིག་མ་བརྩིགས་ན། །འཁྲུལ་བའི་གཡུལ་ངོ་བཟློག་པ་འདི་དཀའ་མོ་གདའ། །གཞི་ཀུན་གཞི་འདི་ལུང་བ་ཡངས་པ་དང་གཅིག །སེམས་འོད་གསལ་འདི་མངོན་གསལ་ཆུང་བ་དང་གཉིས། །ཉམས་ཏིང་འཛིན་འདི་མིག་རྒྱང་ཐུང་བ་དང་གསུམ། །ད་དྲན་པ་ཡེངས་མེད་ཀྱི་སྒྲོན་མེ་ཞིག་མ་སྤར་ན། །སེམས་སྐུ་གསུམ་གྱི་ལྷ་ཞལ་འདི་མཐོང་བ་དཀའ་མོ་གདའོ། །ཚེ་ཕྱི་མ་དོན་གཉེར་འདོད་ན། །ལམ་སྒྲུབ་པ་ཚེ་དང་མཉམ་ན་ལེགས། །སྤྲང་འདམ་སྟོན་དལ་བའི་ཁ་འཆལ་ཡིན། །གྲོགས་མཁྱེན་པ་ཅན་རྣམས་ཀྱིས་ཐུགས་ཁྲེལ་མི་བཏང་འཚལ། །ཞེས་ནམ་མཁའ་ཚུལ་ཁྲིམས་ལ་གདམས་པའོ། །
- ཟིན་ཐོ་གོང་མ།སྣང་ཞིག་དངུལ་སྐུ།
- ཟིན་ཐོ་འོག་མ།༢ འདམ་སྟོན་པའི་མགུར་མ་བཞུགས།