ཞང་ཞུང་ཐོག་མའི་རྒྱལ་རྒྱུད་མང་བཀུར་བའི་རིགས་དང་ཨཱརྱ་ཎའི་མི་རིགས་གཉིས་པོ་ཁུངས་གཅིག་པ་དང་འབྲེལ་བའི་རྒྱ་གར་ལ་ཤེས་རིག་དར་ཚུལ་གླེང་བ།
བརྡ་ཆད་གཙོ་བོ། ཞང་ཞུང་། མང་བཀུར་རྒྱད་རྒྱུད། ཨཱརྱ་ཎའི་མི་རིགས། རྒྱ
དང་པོ། གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་བཤད་སྲོལ་ལྟར་ནས། སྤྱིར་འཇིག་རྟེན་འདིར་ཐོག་མའི་འགྲོ་བ་ཡོངས་ཀྱི་སྤྱི་མེས་ནི་ཁྲི་རྒྱལ་ཁུག་པའམ་ཡོད་ཁམས་སྲིད་པའི་རྒྱལ་སྣང་བ་འོད་ལྡན་དམ། སྲིད་པའི་སངས་པོ་འབུམ་ཁྲི་དང་། དེ་ནས་གྲོལ་བའི་གླིང་བཞི་དང་གླིང་ཕྲན་བཅས་ཀྱི་མི་རིགས་དང་། དེ་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཐོག་མའི་རྒྱལ་བརྒྱུད་ནི་ཞང་ཞུང་ཐ་ཚན་ཧི་པང་རྐྱའམ་ཡེ་སྨོན་རྒྱལ་པོའམ་མང་པོ་བཀུར་བའི་རྒྱལ་བརྒྱུད་མིང་གི་རྣམ་གྲངས་མང་པོ་ཡོད་པ་དེ་ལ་ཐུག་ཡོད་པ་དང་། རིགས་རྒྱུད་དེར་གདུང་བརྒྱུད་རྒྱལ་པོ་སྡེ་དྲུག་སྟེ་དམུ་རིགས་གཤེན། གར་གསས་ལ་ཤག་རིགས། གནམ་གསས་ལ་ཧོས། གསས་རྗེ་ལ་དཔོ། རྒོད་གསས་ལ་རྒྱ་བཅས་ཡོད་ཅིང་དེ་ལྟར་ཞང་ཞུང་གི་གདུང་བརྒྱུད་རྒྱལ་པོ་དེ་དྲུག་གི་ནང་ནས་རྒྱ་གར་ལ་གར་གསས་ཤག་དང་། རྒྱ་ནག་ལ་རྒོད་གསས་རྒྱ་སོགས་མཐའ་གཞིའི་རྒྱལ་ཁམས་དག་ལ་གྱེས་ཚུལ་དང་། ཞང་ཞུང་གི་མི་རིགས་ལའང་རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། རྨོངས་སམ་དམངས་རིགས། གདོལ་པའི་རིགས་བཅས་རྩི་སྲོལ་བྱུང་ཡོད་པ་དང་། ད་དུང་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་བརྒྱུད་པའམ་མང་བཀུར་རྒྱལ་བརྒྱུད་ལས་གྱེས་པའི་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐོར་བཅས་ནི་གཡུང་དྲུང་བོན་གྱི་དཔེ་ཆ་ཁག་ལས་རྒྱ་ཆེན་བཞུགས་ཤིང་ཡོངས་གྲགས་སུ་ཡིན་པས་འདི་ཚོའི་སྐོར་འཚོལ་སྡུད་ཅུང་ཙམ་བྱེད་ཨི་ཐུབ་ནས་སྙམ་པའི་འཆར་གཞི་ཡོད་པས་འདིར་དེ་ཙམ་ཡིན།
གཉིས་པ།
དམ་པ་ཆོས་ཀྱི་ལོ་རྒྱུས་ཏེ་བཀའ་ཐང་སྡེ་ལྔ་དང་མཁས་པའི་དགའ་སྟོན་སོགས་ནས་བྱུང་བའི་མང་བཀུར་རྒྱལ་བརྒྱུད་ཀྱི་ཤོད་སྲོལ་མཚམས་སྦྱོར་ཙམ་དུ་གླེང་རྒྱུ་ཡིན། དེའང་མི་ཡི་འཆད་ཁུངས་ནི་ཞང་ཞུང་ངམ་གངས་ཅན་ལྗོངས་ནས་བྱུང་བའི་སྐོར་བློན་པོ་བཀའི་ཐང་ཡིག་ལས། མི་ཡི་འཆད་ཁུངས་རྒྱལ་པོ་བྱུང་ཚུལ་ནི༔ འཛམ་གླིང་སྙིང་པོ་རྒྱ་གར་རྡོ་རྗེ་གདན༔ རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན༔ རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ༔ གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན༔ དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད༔ ཞེས་དང་། འཛམ་བུ་གླིང་པའི་མི་རྣམས་འཆད་པའོ༔ ཞེས་སོགས་གླིང་བཞི་མི་རིགས་གྲོལ་ཚུལ་གསུངས་པ་དང་། ཆོས་འབྱུང་མཁས་དགའ་ལས། ཁ་ཅིག་མང་བཀུར་མ་དྲོས་མཚོར་ཁྲུས་བྱས། །ཁུ་བ་ལྷུང་ལས་དུད་འགྲོའི་སྐྱེ་གནས་བྱུང༌། །བརྐུས་པའི་མི་གཉིས་གཅིག་བསད་གཅིག་སྤྱུགས་པས། །བསད་དེ་སྨོན་ལམ་ལོག་པས་ལྷ་མིན་གྱུར། །སྤྱུགས་པ་ཤི་འཕོས་ཡི་དྭགས་ཐོག་མར་སྐྱེས། །མང་བཀུར་འདས་ནས་ལྷ་དབང་བརྒྱ་བྱིན་གྱུར། །སྨོན་ལམ་མཐུ་དེས་ལྷ་དང་ལྷ་མིན་རྩོད། །དགེ་མཆོག་སྡིག་སྤྱད་དམྱལ་བར་སྐྱེས་གྱུར་སྟེ། །དེ་ཚེ་འགྲོ་བ་རིགས་དྲུག་ཚང་ངོ་ཞེས། །བོད་གཞུང་སྔ་རབས་འགའ་ལས་འཆད་པར་སྣང༌། ། ཞེས་མང་པོ་བཀུར་བའི་རྒྱལ་པོ་མ་དྲོས་མཚོ་མ་པང་མཚོ་ལ་ཁྲུས་བྱས་པའི་ཚུལ་འདིས་མང་བཀུར་རྒྱལ་པོ་ནི་མཚོ་མ་པང་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་གསལ་པོར་བསྟན་པ་དང་། སྤུ་རྒྱལ་གཉའ་ཁྲི་བཙན་པོའི་བརྒྱུད་པ་ནི་མང་བཀུར་རྒྱལ་བརྒྱུད་ལ་ཐུག་ཡོད་པའི་བཤད་སྲོལ་ནི་བོད་ཀྱི་ཆོས་འབྱུང་ཁག་ཀུན་ལ་གསལ་ཞིང་། ལྡེའུ་རྒྱ་བོད་ཆོས་འབྱུང་ལས། དེ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ལ། གླེང་ལུགས་མ་མཐུན་གསང་བསྒྲགས་ཡང་ཟེར། གང་ལྟར་ཐེན་ཡང་གཉའ་ཁྲིར་མཐུན་པ་སྟེ། ཞེས་བཤད་ཅིང་དེ་དང་མཐུན་པའི་བཤད་སྲོལ་མང་པོ་བྱུང་འདུག་པས་གཉའ་ཁྲི་དང་མང་བཀུར་གྱི་རྒྱལ་བརྒྱུད་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདིས་ཤེས་ནུས་པ་དང་། དེ་ལྟར་ཆོས་འབྱུང་ཁག་ལས་མང་བཀུར་རྒྱལ་བརྒྱུད་ནི་ཆེས་གནའ་བོའི་ལོ་འབུམ་ཕྲག་མང་པོ་གོང་ནས་རྒྱ་གར་གྱི་རྒྱལ་བརྒྱུད་ཡིན་པ་དང་། གཉའ་ཁྲི་བཙན་པོ་ནི་སྐྱ་སེང་གི་བུ་ཡིན་ཞིང་སྐྱ་སེང་ནི་ཤཱཀྱ་ཐུབ་པའི་རྗེས་སུ་བྱུང་ཚུལ་བཞེད་མོད། དོན་དུ་རྒྱལ་པོ་སྐྱ་སེང་ནི་ཤཱཀྱ་ཐུབ་པའི་སྔོན་ནས་བྱུང་བའི་ལོ་རྒྱུས་ནི་སྔ་དེང་གཉིས་ཀའི་བཞེད་སྲོལ་ངོ་མ་དེ་ཡིན་འདུག་པས་སོ།
གསུམ་པ།
དེང་གི་སྨྲ་བ་པོ་ཚོའི་བསྒྱུར་རྩོམ་དང་ཤོད་སྲོལ་ལ་ལྟར་ནས། ཨཱརྱ་ཎའི་མི་རིགས་ཐོག་མའི་འབྱུང་ཁུངས་ལུང་དུ་གྲགས་པ་ནི་ཁོ་ཚོའི་གདུང་བརྒྱུད་ནི་ལྷ་ལས་མཆེད་ཅིང་པཏྣ་ཀ་ཞེས་པའི་ཡུལ་ནས་གཞན་ལ་གྱེས་པར་བཤད་ཅིང་ད་ལྟ་ཡུལ་དེ་གང་དུ་ཡོད་པ་སུས་ཀྱང་བཤད་དཀའ་ཟེར། འོན་ཀྱང་དེ་ནི་ཨེ་ཤེ་ཡ་དབུས་མ་ཞིག་ཡིན་པའི་ངོས་འཛིན་བྱེད་མཁན་བྱུང་ཡོད་ཅིང་ཨེ་ཤེ་ཡ་དབུས་མ་ནི་ཏ་ཟིག་གམ་པོ་ཟིའམ་དེང་དུས་དབྱེ་ལང་ལ་ངོས་འཛིན་བྱེད་མཁན་འགའ་ཞིག་དང་། བོད་ཀྱི་ཡུལ་ནས་ཡིན་པའི་ངོས་འཛིན་བྱེད་མཚན་འགའ་ཞིག་ཡོད་པས་དེའང་བོད་ཡུལ་ནས་ཡིན་པའི་ཚུལ་ནི། བོད་རིག་པ་བ་ཚངས་དབང་དགེ་འདུན་བསྟན་པས་བརྩམས་པའི་ཨརྱཎ་གྱི་མི་རྒྱུད་དང་བོད་ཅེས་པའི་དཔྱད་རྩོམ་ལས། རྒྱ་གར་གྱི་སྲིད་བློན་ཉི་ཧུ་ལུའུའི་གྲོགས་པོ་དཱ་ཡན་རྡ་ཞེས་པ་དེས་བརྩམས་པའི་《རྒྱ་གར་གྱི་ལོ་རྒྱུས》ལས། ཨརྱཎ་མི་རྒྱུད་ནི་བོད་ནས་མཆེད་འོངས་ཞེས་བཤད་ཅིང་། རྩོམ་པ་པོ་ཐུ་ལེས་ཇེ་བུན་སི་ཁུ་ལོ་ཧུའོ་ཐུ་ཡིས་སྤྱི་ལོ་1976ལོར་བརྩམས་པའི་《ལས་དབང་བ》བྱ་བའི་དཔེ་ཆ་ནང་དུའང་། འཇར་མན་གྱི་ནཱ་སེ་ཡིས་སྤྱི་ལོ་1926ནས་1943ལོར་བོད་ལ་གནས་འཚོལ་བ་མངགས་ཤིང་། ཁོ་ཚོའི་དམིགས་ཡུལ་ནི་ཨརྱཎ་མི་རྒྱུད་ཀྱི་ཐོག་མའི་མེས་པོ་འཚོལ་རྒྱུ་དང་། གལ་ཏེ་རྙེད་བྱུང་ཚེ་དེ་དག་ལ་འབྲེལ་གཏུགས་བྱེད་རྒྱུ་བཅས་རེད། ཅེས་བཤད། ཡང་ཉེ་སྔོན་སྤེལ་བའི་《བོད་ཀྱི་གསང་གྲངས》(藏地密码)བྱ་བ་རུ། འཇར་མན་གྱི་ཞུས་ཐི་ལིས་བོད་ལ་མངགས་པའི་གནས་འཚོལ་བའི་ལོ་རྒྱུས་སྐོར་འཁོད་ཡོད་ཅིང་། 2004ལོའི་ཟླ་བ་7ནང་དབྱིན་ཇིའི་སྤྱི་སྤྱོད་བརྙན་འཕྲིན་ཁང་གིས། སེང་རས་བཞི་བ་སྟེང་དུ་《ནཱ་སེའི་རྒྱང་བསྐྱོད》བྱ་བའི་ཟིན་བྲིས་བརྙན་འཕྲིན་ཞིག་བསྟན་ཅིང་། དེ་ནི་(ཞིས་མའོ་ལེའི་ཤར་བསྐྱོད---1938ལོར་ནཱ་སེ་བོད་དུ་གནས་འཚོལ་བྱེད་པ)(希姆莱的东征:1938年纳粹在西藏的探险)ཞེས་པའི་དཔེ་ཆར་གཞིར་བཟུང་ནས་ཕབ་བསྐྲུན་བྱེད་པ་ཞིག་རེད་དེ། གཙོ་བོ་འཕགས་པའི་མིའམ་ཨརྱཎ་གྱི་མི་རྒྱུད་(雅利安人)ཀྱི་ཐོག་མའི་འབྱུང་ཁུངས་དང་མེས་པོ་འཚོལ་དུ་ཕྱིན་པའི་གནས་ཚུལ་འཁོད་ཡོད། ཞིས་མའོ་ལེ་ནི་ནཱ་སེ་ཏང་དམག་གི་འགོ་གཙོ་ཡིན་པར་བཤད་ལ། ཁོ་ནི་གནའ་བོའི་རུ་ཨར་མན་མིའི་གཏམ་རྒྱུད་དང་། ཤར་ཕྱོགས་ཀྱི་གསང་བ། མིའི་རིགས་པའི་ལྟ་ཚུལ་རྣམས་ལ་ཡིད་ཆེས་ཡང་དག་པ་མཆིས་པས། ནཱ་སེ་རྒྱང་བསྐྱོད་དམག་གིས་བོད་ཀྱི་རི་ལུང་ཀུན་ཉུལ་ནས་ཨརྱཎ་གྱི་མེས་པོའམ་འབྱུང་ཁུང་འཚོལ་བའི་གནད་ཀ་དེར་ཐུག་ཡོད་དོ།། འཇར་མན་གྱི་ཆབ་སྲིས་མཁས་པ་ཁ་ཨར་ཧོ་སི་ཧོས་ཨར་(卡尔·豪斯霍弗尔)གྱིས་ཨརྱཎ་གྱི་ཐོག་མའི་མི་རྒྱུད་དེ་ཡ་གླིང་གི་ལྟེ་བ་བོད་ཡུལ་ནས་མཆེད་འོངས་ཞེས་པ་ལ་ཡིད་འཆེས་པ་མ་ཟད། བོད་ནི་ཨརྱཎ་མི་རྒྱུད་དང་ཧེས་ལེ་ཨར་མི་རྒྱུད་ཀྱི་ལོ་རྒྱུས་འཚོལ་བ་ལ་ལྡེ་མིག་ལྟ་བུ་ཡིན་པར་སེམས། དེ་ལ་རྒྱབ་སྐྱོར་བྱེད་མཁན་རེན་ཏན་རྒྱལ་ཁབ་ཀྱི་གནས་འཚོལ་བ་(瑞典探险家斯文赫定)སི་ཝུན་ཧུན་ཏུན་ཡིན་ཞིང་། སི་ཝུན་ཧུན་ཏུན་ནི་དེ་སྔོན་བོད་ལ་ལྟ་སྐོར་དུ་འགྲོ་མྱོང་མཁན་ཞིག་ཡིན་ལ། ཞུས་ཐི་ལིས་ཀྱང་སི་ཝུན་ཧུན་ཏུན་གྱི་ལྟ་བ་དེར་ཧ་ཅང་འཐད་པ་བྱུང་ཡོད། དེའི་ཕྱིར་1943 ལོར་སི་ཝུན་ཧུན་ཏུན་གྱིས་བོད་ལ་ལྟ་སྐོར་དུ་འགྲོ་རྒྱུའི་རྩ་འཛུགས་ཚོགས་པ་དངོས་སུ་བཙུགས། 1938ལོར་འཇར་མན་གྱི་སྐྱེ་དངོས་རིག་པའི་མཁས་པ་ཨོ་ནེ་སི་ཐི་ཞེ་ཧས་(欧内斯特·谢弗)ཐོག་དྲངས་ཏེ་བོད་ལ་ལྟ་སྐོར་དུ་ཕྱིན་པ་དང་། དེའི་སྔོན་ཨོ་ནེ་སི་ཐི་ཞེ་ཧས་ཐེངས་གཉིས་ལ་བོད་ཡུལ་དུ་ལྟ་སྐོར་ལ་འགྲོ་མྱོང་བར་བཤད། མིའི་རིགས་ཀྱི་མཁས་པ་པོ་ལུའུ་རའོ་པུས་ཀི་ནི་(布鲁诺·贝格)དེའི་གྲས་ཀྱིས་གཅིག་ཡིན་ཞིང་། ཁོའི་འགན་འཁྲི་ནི་བོད་མི་རྣམས་ལ་ཚན་རིག་གི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་དེ་རེད། ཁོས་སྐབས་དེར་བོད་དང་འབྲུག་པའི་མི་300ཡས་མས་ཤིག་ལ་རུས་ཚུགས་བརྟག་དཔྱད་བྱས་ཤིང་། མི་ལུས་ཀྱི་བྱང་ཁོག་རྣམས་ཀྱི་བཟོ་ལྟ་ལ་ཞིབ་ལྟའི་ཟིན་བྲིས་བཏབ། མིའི་རིགས་ཀྱི་རིག་པ་ལྟར་ན། བོད་དང་། སོག་པོ། ཡོ་རོབ་བཅས་མི་རྣམས་ཀྱི་མཆེད་ཁུངས་ནི་གཅིག་ཡིན་པར་ངོས་འཛིན་དང་ཡིད་འཆེས་བྱེད། ཅེས་སོགས་བཤད་པས་ཞིབ་པར་དེར་གཟིགས། མདོར་ན་ཨཱརྱ་ཎའི་མི་རིགས་ནི་ཐོག་མར་ཡ་གླིང་དབུས་མའི་གནས་དེར་སྡོད་པ་དང་། དེ་ནས་སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཙམ་ནས་སྤོ་སྐྱོད་ཀྱི་འགོ་བརྩམས་ཏེ་ཨེ་ཤེ་ཡ་ནས་ལྷོ་ནུབ་ཡོ་རོབ་ཏུ་གྱེས་ཏེ་ཡོ་རོབ་བའི་ཕ་མེས་སུ་གྱུར་ཞིང་ཡོ་རོབ་དང་ཨེ་ཤེ་ཡའི་སྡེ་གཉིས་སུ་ཆད། དེ་བཞིན་ཨཱརྱ་ཎའི་ལྷོ་རུ་གྱེས་པ་ད་ལྟའི་ཐུར་ཁེའི་ཧི་ཐི་ཐོའི་མི་དང་། ཤར་དུ་གྱེས་པ་ཏུ་ཁ་རའི་མི། ། ཤར་ལྷོར་གྱེས་པ་ཏ་ཟིག་པ་དང་རྒྱ་གར་པ་ནི་དེ་དག་དང་པོ་ཏ་ཟིག་གི་ཡུལ་དུ་འབྱོར་ཅིང་དེར་གཏན་དུ་གཞིས་ཆགས་བྱས་ཏེ་ཏ་ཟིག་ཤེས་རིག་གི་བསྐྲུན་པས་ཏ་ཟིག་པ་ཡིན། དེ་དག་ཁག་གཅིག་གྱེས་ཏེ་རི་བོ་སིནྡྷུའི་ཀུ་ཤ་བརྒལ་ཏེ་ཕྱིན་པས་རྒྱ་གར་གྱི་ཨཱརྱ་ཎའི་མི་དང་ཐ་ན་ཨ་རི་ལའང་ཨཱརྱ་ཎའི་མི་རིགས་གྱེས་པའི་ཚུལ་བཤད་དོ།
བཞི་པ། རྒྱ་གར་དུ་ཨཱརྱ་ཎའི་མི་རིགས་དང་དེའི་ཤེས་རིག་གི་བྱུང་འཕེལ་ནི།
སྤྱིར་འཛམ་གླིང་གནས་ཀྱི་རྒྱལ་པོ་ཞེས་མིང་དུ་གྲགས་པའི་གངས་དཀར་ཏི་སེ་དང་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ནི་རྒྱ་གར་གྱི་ཤེས་རིག་གི་འབྱུང་ཁུངས་ཡིན་པའི་ཤོད་སྲོལ་ཡོད་བཞིན་པ་ནི་ཀུན་གྱིས་ཤེས་གསལ་རེད། སྒོས་སུ་རྒྱ་གར་གྱི་ཤར་ཕྱོགས་དང་བྱང་ནུབ་ནས་འབབ་པའི་ཆུ་བོ་ཆེན་པོ་གཉིས་ཀྱི་རྒྱུན་ནི་གནའ་བོའི་རྒྱ་གར་ཤེས་རིག་གི་འབྱུང་ཁུངས་གཉིས་ཏེ། དེའང་རྒྱ་གར་ཤར་ཕྱོགས་ནི་ཆུ་བོ་གང་གཱའི་བཞུར་རྒྱུན་ནམ་ཐང་གཤོང་དེ་དང་འབྲེལ་བའི་གནའ་བོའི་རྒྱ་གར་་ཤར་ཕྱོགས་ཀྱི་ཤེས་རིག་འབྱུང་ཁུངས་ཡིན་པས། གལ་ཏེ་ཆུ་བོ་དེ་མེད་ན་རྒྱ་གར་དུ་བྲམ་ཟེའི་ཤེས་རིག་དང་ནང་པའི་ཤེས་རིག་འབྱུང་བར་མི་འབྱུང་ཞེས་གྲགས་པ་དང་། སིནྡྷུའི་ཆུ་བོའི་བཞུར་རྒྱུན་ནས་སྤྱི་ལོའི་སྔོན་ལོ་གཉིས་སྟོང་ཡར་མར་ཞིག་ནས་མའོ་ཧེན་ཛོ་དར་རོ་དང་ཧཱ་ལཱ་ཕཱའི་གྲོང་ཁྱེར་དུ་ཨཱརྱ་ཎའི་མི་རྣམས་ཀྱིས་དེར་གནས་གཞི་བཟུང་ནས། ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་མི་རིགས་དེའི་བདག་དབང་བྱས་ཏེ། དེ་སྔོན་གྱི་ཧཱ་ལཱ་ཕཱའི་ཤེས་རིག་༼རིག་གནས་གཅིག་གི་ཁོངས་སུ་གཏོག་པས་སྤྱི་ལ་ཧ་རབ་པའི་རིག་གནས་སམ་ཆུ་བོ་སིནྡྷུའི་ཤེས་རིག་ཟེར།༽ཉམས་འགོ་ཚུགས་ཤིང་། ཨཱརྱ་ཎའི་མི་རིགས་དང་ཤེས་རིག་འཕེལ་རྒྱས་ཆེན་པོ་སུ་ཕྱིན་པ་དང་། དེ་ནས་སྤྱི་ལོའི་སྔོན་ལོ་གཅིག་སྟོང་ལྔ་བརྒྱ་ཡས་མར་ཞིག་ནས་ཨཱརྱའི་མི་རིགས་ཀྱིས་སིནྡྷུའི་ཆུ་བོ་ནས་བརྒལ་ཏེ་རྒྱ་གར་བྱང་ནུབ་ནས་བཙན་འཛུལ་བྱས་པ་ཆུ་བོ་ལྔའི་ཡུལ་དང་གང་གཱའི་ཐང་གཤོང་སོགས་ལ་གཞིས་ཆགས། གཉུག་མར་གནས་པའི་རྒྱ་གར་དུ་མུཎ་ཌ་དང་རལྦི་ཌ་མི་རིགས་ཞེས་པ་མི་འབོར་རྒྱ་ཆེན་པོ་དང་ཤེས་བྱ་དང་རིག་གནས་མཆིས་མོད་ཁྱབ་རྒྱ་ཆུང་བས། ཕྱི་ནས་ཡོང་བའི་ཨཱརྱ་ཎའི་མི་རིགས་ཀྱིས་ཁོ་ཚོར་བྲན་དུ་སྐུལ་ཞིང་ཡུན་རིང་དུ་གནས་པས་གནའ་བོའི་རྒྱ་གར་གྱི་ཤེས་རིག་དང་ཆོས་ལུགས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། ཕྱིས་ཀྱི་གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ཡིག་དང་རིག་བྱེད་སོགས་ཁྱད་དུ་འཕགས་པའི་ཤེས་རིག་སྣ་ཚོགས་པ་རྣམས་དེ་ནས་བྱུང་བར་གྲགས། དེ་ལྟར་གནའ་བོའི་རྒྱ་གར་ཤར་ཕྱོགས་ནས་བྱུང་བའི་ཤེས་རིག་དང་བྱང་ནུབ་ནས་བྱུང་བའི་ཤེས་རིག་གཉིས་པོ་ཕན་ཚུན་འགལ་ཟླ་མེད་པའི་སྒོ་ནས་ཤན་ཞུགས་ཤིང་འཕེལ་རྒྱས་སུ་ཕྱིན་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཐོག་ཏུ་དོན་སྙིང་ལྡན་པ་ཞིག་རེད་ལ། ཕར་ཆེར་ཤེས་རིག་དེའི་གཉིས་པོ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཅིག་ཏུ་བབས་པར་མིན་ནམ་སྙམ་གྱིན་འདུག མདོར་ན་རྒྱ་གར་བྱང་དང་ལྷོ་ཕྱོགས་ཀྱི་ཤེས་རིག་དང་བྲམ་ཟེའམ་ཧིན་དྷུའི་ཆོས་ལུགས་སོགས་རྒྱ་གར་སྤྱིའི་མིང་དུ་གྲགས་པའི་ཤེས་རིག་དང་ཆོས་ལུགས་ཀྱི་རྨང་གཞི་ནི་ཨཱརྱ་ཎའི་མི་རིགས་ཀྱིས་བསྐྲུན་པ་ཡིན་ཞེས་བཤད་ལ་རྒྱ་གར་གྱི་རྒྱལ་རབས་དེ་ནས་འགོ་ཚུགས་པ་དང་ཤཱཀྱའི་རིགས་ཀྱང་འདིའི་ནང་གི་ཚོ་ཁག་ཅིག་ཡིན་པའི་ངོས་འཛིན་བྱེད་ཅེས་ཡང་ཡང་དུ་བརྗོད་དོ།།
ལྔ་པ། དཔྱད་སྡོམ་ནི། མདོར་ན་གཡུང་དྲུང་བོན་གྱི་ལོ་རྒྱུས་ལས་བྱུང་བའི་མང་བཀུར་རྒྱལ་རྒྱུད་དང་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་དང་། དམ་པ་ཆོས་ཀྱི་ལོ་རྒྱུས་ལས་བྱུང་མང་བཀུར་རྒྱལ་རྒྱུད། དེང་དུས་བོད་རིག་པའི་མཁས་པ་ཚོའི་ཨཱརྱ་ཎའི་མི་རིགས་ཀྱི་སྐོར་བསྒྱུར་རྩོམ་དང་དཔྱད་གཏམ་སོགས་ལ་ང་ཚོ་སུ་ཞིག་གིས་དཔྱད་སྡུར་བྱས་པ་ཡིན་ནས། ཐ་ཚན་ཧི་པང་རྐྱའམ་མང་བཀུར་གྱི་རྒྱལ་བརྒྱུད་དང་ཨཱརྱ་ཎའི་མི་རིགས་བཅས་ཁུངས་གཅིག་པ་ཡིན་པར་ཤེས་པ་མ་ཟད། རིག་བྱེད་ཆོས་ལུགས་གཙོ་བོའི་ལེགས་སྦྱར་གྱི་སྐད་དང་ཡིག་གེ་ཡིན་པས་དེའི་ཕུགས་ནི་ཨཱརྱ་ཎའི་མི་རིགས་ཀྱི་སྐད་ཡིག་ལོས་ཀྱང་ཡིན་པར་ཤེས། དེ་ལྟར་མང་བཀུར་རྒྱལ་རྒྱུད་དམ་ཨཱརྱ་ཎའི་མི་བརྒྱུད་ཀྱི་ཁུངས་ནི་གངས་ཅན་བསིལ་མོ་ལྗོངས་སུ་ཡིན་ངེས་སུ་འདུག་ཀྱང་། ཨཱརྱ་ཎའི་མི་རིགས་དང་དེའི་ཤེས་རིག་རྣམས་ཕྱོགས་ཕྱོགས་དག་ལ་ཁྱབ་ཅིང་ཡུལ་གཞན་གྱི་མི་རིགས་དང་ཤེས་རིག་བར་ཕན་ཚུན་ཤན་ཞུགས་ཚུལ་དང་འཕེལ་ཞིང་རྒྱས་པའི་སྐོར་ཞིབ་ཅིང་ཕྲ་བའི་སྒོ་ནས། ཁོ་བོ་ལྟ་བུ་ནི་ཤེས་རིག་དམན་ཞིང་གཞན་གྱི་སྐད་ཡིག་གཅིག་ཀྱང་མི་ཤེས་པས་ཧ་ཀྱང་དཀའ་ལས་ཆེན་པོ་ཡིན་འདུག་པས་ག་ལ་ཤེས་པར་ནུས། གནའ་བོའི་བོད་ཀྱི་ལོ་རྒྱུས་ལ་ཤ་ཞེན་ཤིན་ཏུ་ཆེ་བས་ལྷག་བསམ་དད་པའི་སྒོ་ནས་མཚམས་སྦྱོར་ཙམ་དུ་རྩོམ་ཐུང་འདི་ཤར་མར་བྲིས་ཤིང་སྤེལ་བ་པོ་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས། ༢༩༡༧/༦/༡༥ཉིན།
དཔྱད་གཞིའི་ཡིག་ཆ་འགའ་ཞིག་ནི།
རྩ་རྒྱུད་ཉི་ཟེར་སྒྲོན་མ། བོན་གྱི་བཀའ།
མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་པ། བོན་གྱི་བཀའ་བརྟེན།
བྱམས་མའི་གཟུངས། བོན་གྱི་བཀའ་བརྟེན།
མཁས་བཞིའི་མཛོད་འགྲེལ། བོན་གྱི་བཀའ་བརྟེན།
དར་རྒྱས་གསལ་སྒྲོན། སྤ་བསྟན་རྒྱལ་བཟང་པོ།
ལེགས་བཤད་མཛོད། ཤར་རྫ་བཀྲ་ཤིས་རྒྱལ་མཚན།
བསྟན་འབྱུང་སྣང་བ་དཀར་པོའི་དཔལ། གཡུང་གླིང་དཔོན་སློབ་ཚུལ་རྒྱན།
བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
གནའ་བོའི་རྒྱ་གར་ཤེས་རིག་དང་བོད་བརྒྱུད་གྲུབ་མཐའི་མཐའ་དཔྱོད། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
རྒྱ་གར་འཕགས་ཡུལ་དང་བོད་གངས་ཅན་གྱི་རྩོམ་རིག་ཅི་ལྟར་འབྲེལ་ཚུལ། རྒྱ་ཡེ་བཀྲ་བྷོ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།
ཨརྱཎ་གྱི་མི་རྒྱུད་དང་བོད། བོད་རིག་པ་བ་ཚངས་དབང་དགེ་འདུན་བསྟན་པ། བཙན་པོའི་དྲ་བ།