ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མཁའ་འགྲོའི་ལུང་ལས་ཚད་མར་འཛིན་པ་བཞུཊ། ལས་རྒྱུ་འབྲས་གསལ་བར་སྟོན་པ།
[ 2017/6/8 17:15:00 | By: shangshung ]
 

ཐུགས་རྗེའི་ཡུལ་དུ་འགྲོ་དྲུག་གོ་མཉམ་པའི།   སྐྱབས་མཆོག་རྣམ་བཞིས་མཁྱེན་ནོ་རྗེས་སུ་ཟུང་།   ལྗོངས་འདིར་སྡུག་བསྔལ་འབྱུང་རྒྱུའི་སྣང་ཚུལ་འདིར།   ཡང་ཡང་གཞལ་ན་སྙིང་ནས་མི་བཟོད་དེ།   མ་འོངས་འབྱུང་འགྱུར་ལུང་ལས་བསྟན་པ་ནི།   བརྡ་ཟུར་ཙམ་ལས་ཚད་མར་མི་རུང་ནའང་།   མཁའ་འགྲོའི་ལུང་ལས་རང་བློའི་ཉམས་སྣང་གིས།   གསོས་གདབ་གོ་སླའི་ཚིག་ཉུང་འགོད་པ་ལ།   ཕྱོགས་དུས་རྒྱལ་བས་གནང་བ་སྩོལ་ཅིག་ཀྱཻ།   ༸   འདི་ལྟར་ཉིན་མོ་མེད་ན་མཚན་མི་འབྱུང་།   མཚན་མོ་མེད་ནའང་གཅིག་ཤོས་ག་ལ་འབྱུང་།   སྡིག་པ་མེད་ན་ཡ་གྱལ་དགེ་མི་འབྱུང་།   དགེ་བ་མེད་ནའང་དགེ་བ་ག་ལ་ཝ།   སྣང་མུན་ཉིན་མཚན་རེས་མོར་ངོམ་པ་ན།    དཀར་ནག་ལས་དང་བྱེད་པོ་དེ་བཞིན་འབྱོན།  ནམ་ཟླ་དུས་བཞི་བསྡར་གྱིས་འཕོས་པ་ལྟར།  སྐྱིད་སྡུག་རེས་མོར་མ་ངེས་ཡོངས་ལ་ཁྱབ།   སྔོན་དུས་ཡོངས་ལ་ཉོན་མོངས་ཆེས་ཕྲ་བ།   བསམ་སྤྱོད་དཀར་པོ་དགེ་བའི་མཐུ་སྟོབས་ཀྱིས།  ལོ་ཀའི་ལྗོངས་འདིར་བདེ་སྐྱིད་འཛོམས་པའི་ངང་།   རྒྱལ་སྲིད་བོན་སྲིད་ཟུང་དུ་དར་རྒྱས་བྱུང་།   སྙིགས་མའི་དུས་འདིར་དུག་ལྔ་རགས་པའི་ཕྱིར།   ལས་དང་བསོད་ནམས་ཁད་ཀྱིས་བྲི་བཞིན་དུ།   བསམ་སྦྱོར་ལོག་པར་གོལ་བས་རྒྱུད་སྨྱོས་ཏེ།   བདག་གཞན་ཀུན་ཀྱང་མྱ་ངན་འདམ་ལ་སྦྱར།   བྱིས་པའི་དུས་ནས་དྲན་པ་གསལ་མོད་ཀྱང་།   གསལ་བ་བཞིན་དུ་ངན་གཡོའི་ལས་ལ་ཧུར།   གཞན་མགོ་བསྐོར་ཡང་ཐ་མར་རང་མགོ་འཁོར།  བགྱིད་ཚད་དྲན་ཚད་རྐུ་དང་རྫུན་ལས་མཛད།  ཆེས་མཐོའི་དཔོན་ལ་འགོང་པོའི་གདོན་ཞུགས་ཏེ།   གནམ་སྐོས་དྲང་པོའི་ཁྲིམས་ལམ་མི་འདེད་ཅིང་།   དགྲ་གཉེན་བར་མར་ཆགས་སྡང་རྨོངས་གསུམ་གྱིས།   དྲིལ་བསྒྲག་འཁྱོག་པོར་མཛད་པའི་ཚུལ་དེར་སྐྱོ།   དཔོན་ཕྲན་དག་གིས་བྱམས་སེམས་སྙིང་རྗེའི་ངང་།   འཁོར་འབངས་རིས་མེད་བུ་ལྟར་བསྐྱང་རྒྱུ་ལ།   དེ་ལས་ལྡོག་སྟེ་དཔྱ་དང་གཡོག་བཀོལ་ནས།   དབང་ཆེན་བཙན་པོའི་གཉའ་ནས་མནན་གཟིར་བྱ།   འབྱོར་ལྡན་བསེ་རག་འབྱུང་པོས་རྒྱུད་རློམ་སྟེ།   དགོས་དགུ་འཚོགས་མོད་ནོར་གྱིས་མི་འཚིངས་ཤིང་། དབུལ་པོའི་ལག་ནས་མཆོང་བུ་ཙམ་མཐོང་ཚེ།   དེ་ཡང་རང་གི་བརྣངས་སུ་གཅོད་ཐབས་རྩམ།   མི་ཕྱེད་བཙུན་པའི་ཆ་བྱད་བསྡར་ནའང་།   དགེ་བྱེད་ཡང་དག་ནམས་ལངས་སྐར་མ་འདྲ།  ཕྱི་མཛེས་ནང་སྟོང་མི་ངོར་ཚུལ་འཆོས་པ།  ས་གཞིའི་རྩི་ཐོག་འདྲ་བ་མང་དུ་ལྷག  དེས་ན་ཁྲིམས་དང་ཁྲེལ་ལ་མི་འཛེམ་པའི།  སྒྲིན་བུ་རང་མཐོང་གཅམ་བུ་ཁ་གསག་མཁན།  རང་དང་བློ་མཐུན་དག་ཀྱང་ཐབས་གཅིག་ཏུ།  མདུན་ལ་འདུ་ཞིང་གཅིག་ཕྱོགས་གཅིག་སྡོང་ནས།   ཚུལ་བཞིན་གཟབ་པའི་གང་ཟག་རེ་ལྷག་ན།   རང་དང་རང་འདྲའི་གོང་དུ་འཆོར་གྱིས་དོགས།   རུ་ཏྲའི་དབང་གིས་ཡིད་ཁར་མི་འོང་ནས།   ལྐོག་ཏུ་གཤེ་ཞིང་ཐབས་ཀྱི་ཟུར་དུ་བཀར།    འབྱོར་ལྡན་ལ་སོགས་ཤེས་དམན་ཕལ་མོ་ཆེ།  ལོག་འཚོ་ལྔ་ཡི་ཞགས་པས་འཁྱིགས་ནས་སུ།  རང་ལ་མཁོ་དགུའི་ལོངས་སྤྱོད་ནོར་འབྱུང་ཕྱིར།  ངག་ཚིག་སྙན་པོར་གཟབ་ཅིང་བསླུ་བར་བྱེད།  ཕྱི་སེར་ནང་སྐྱ་དམ་པའི་བརྫུ་བག་ཅན།  རང་ཉིད་འཁོར་བའི་འདམ་དུ་འཕྱན་བཞིན་པར།   བོན་དང་སྐད་ཅིག་ཙམ་ཡང་མི་བསྟུན་ཏེ།   ཁ་དོན་འཛོལ་མོད་བསྟན་འཛིན་ཡིན་ནོ་སྐད།  ཕྱི་ཚུལ་གཟབ་རུང་ནང་སྙིང་དོན་གྱིས་དབེན།  དགེ་སྤྱོད་ཡིན་ལོས་རིགས་ལ་རྒྱལ་བས་ཁྲེལ།   མཐོང་ལམ་སྣ་གཅིག་རྒྱུད་ལ་མ་ཤར་རུང་།   བླ་མ་ཡིན་ཟེར་དཀོར་བསྡུས་ཁྱིམས་ཐབས་གསོ།   རང་མཚན་མ་ཤར་སྙིང་རྗེའི་བསམ་མེད་ཀྱང་།   རྟོགས་ལྡན་ཡིན་ཟེར་དོན་གཉེར་ནོར་ལ་བརྩོན།   ལོང་མེད་འཁོར་བའི་ལས་ཀྱིས་རྒྱུད་འཁྲུག་ཀྱང་།  སྒོམ་ཆེན་ཡིན་ཟེར་རང་བསྟོད་གཞན་ལ་བརྙས།   སྤྱན་ལྔ་རྩལ་དྲུག་ལྟ་ཅི་རང་འཐུམས་མཛོད།   གྲུབ་ཐོབ་ཡིན་ཟེར་ལྷ་འདྲེ་མཐོང་ཚུལ་སྨྲ།   ཁོང་སྙིང་དུག་ཚེར་རྩུབ་མོར་འཆང་ནའང་།  སེམས་དཔའ་ཡིན་ཟེར་རང་དོན་འབའ་ཞིག་འབད།   དཀར་ནག་རྒྱུ་འབྲས་ལས་ལ་མིག་ལྡོང་རུང་།   ཆོས་པ་ཡིན་ཟེར་སྡིག་བཅུ་ནོར་ལྟར་གསོག   རང་སྣང་འདྲེ་རྟོག་བློ་ཡིས་རྒྱུད་སྨྱོན་མོད།   ལྷ་བ་ཡིན་ཟེར་མགོ་སྐོར་སྣ་ཚོགས་ལབ།   གཉེན་དང་ནོར་ལ་ཞེན་པས་རྒྱུད་བཅིངས་ཀྱང་།  ཆགས་མེད་ཡིན་ཟེར་བདག་འཛིན་ལྷ་ལྟར་བསྒྱུར།   རྣམ་འབྱེད་ཤེས་རབ་མིག་བུའི་ཆ་ཕྲ་ཡང་།  མཁས་པ་ཡིན་ཟེར་ཕྱོགས་ལྷུང་རྩོད་པ་འཕེལ།   ནད་ངོ་མ་ཟིན་སྨན་དཔྱད་གོལ་ནའང་།  སྨན་པ་ཡིན་ཟེར་གཞན་ནོར་འགུག་ལ་མཁས།   མོ་རྩིས་ཁ་དམར་ལུང་ལས་འཆལ་ནའང་།   མོ་བ་ཡིན་ཟེར་རྫུན་གྱི་འཁོར་ལོ་བསྐོར།   ཤིན་ཏུ་རྨོངས་ཚབ་ཆེ་བའི་ཐ་མལ་པས།   དགེ་སྡིག་དུག་ཟས་མ་ཕྱེད་འདྲེས་འཆོལ་སྤྱད།   དུག་ལ་ཟས་སུ་རོལ་བའི་རྐྱེན་སློང་སྟེ།   རང་སྨྱོ་གཞན་སྨྱོ་སྨྱོན་པ་ས་སྟེང་ཁེངས།   འཁོར་བའི་བོན་བཅུ་སྤྱོད་པའི་འཇིག་རྟེན་པ།  སྐྱེ་བོ་ཕོ་མོ་དྲན་པའི་སེམས་རྨོངས་ཏེ།   ཡས་ཀྱི་མགོན་མཛད་མར་ལ་དབབ་པ་དང་།  མས་གྱི་འབྱུང་པོ་ཡར་ལ་མཆོད་དེར་སྐྱོ།   སྐྱ་སེར་ཕོ་མོ་ཐམས་ཅད་མ་ལུས་པ།   བདག་འཛིན་འགོང་པོའི་གདོན་གྱིས་དམ་དུ་འཆིངས།   ཐར་མེད་འཁོར་བའི་དུག་མཚོར་བྱིང་བཞིན་པ།  ཤིན་ཏུ་མནར་མོད་སྐམ་སར་འདོན་མི་ནུས།  ལྔ་བརྒྱ་བཅུ་དྲུག་སྙིགས་མའི་དུས་ཚིགས་སུ།   ཐ་མ་ལྔ་ལ་རོལ་པའི་དུས་བབ་ཚེ།   དམ་སྲི་བསེན་མོའི་མཚན་མ་ལས་བལྟམས་ཏེ།   འཕྲལ་དུ་ལུས་ལ་ཕན་པ་འདྲ་ན་ཡང་།   ཡུན་དུ་སྡུག་ལ་སྦྱོར་བའི་མེ་ཏོག་སྟེ།   ཀུན་གྱིས་ནོར་དུ་དེ་ཉིད་མཆོག་ཏུ་འཛིན།  རིན་ཐང་གསེར་བས་ཆེ་སྟེ་ཡིད་ལ་དམར།   དུག་སྡོང་ཐ་མ་ཁ་དེ་རོལ་པའི་ཚེ།   དུ་བ་གར་ཁྱབ་གར་གནས་ཕྱོགས་དེ་རུ།   གཙང་རིགས་ལྷ་རྣམས་མི་འཁོར་དབྱིངས་སུ་དེངས།   མི་མིན་འབྱུང་པོ་ཤ་རུལ་འབུ་ལྟར་འཚོགས།   རྒྱལ་སྲིད་ཆོས་སྲིད་ཉམས་པའི་སྔ་ལྟས་སུ།   ས་ཡིས་གསེར་དང་བཙུན་པས་ཁྲིམས་ཐུབ་དཀའ།   དེ་དང་དེ་ཡི་དུས་ཀྱི་སྐབས་འགོལ་ནའང་།   དགེ་སྡིག་རྒྱུ་འབྲས་ལྷ་འདྲེ་ལ་སོགས་པ།   གང་ཡང་གཏན་ནས་མེད་ཅེས་ཆད་ལྟ་བ།   བསམ་སྦྱོར་ལོག་པའི་ཕྱི་རོལ་མུ་སྟེགས་པས།   འབྱུང་ཆེན་ལྔ་དང་བསྟུན་ནས་སྒྱུ་མའི་འཕྲུལ།   གཅིག་ལས་གཅིག་མཚར་སྣ་ཚོགས་དུ་མ་སྟོན།   སྲོག་མེད་དབུག་ཀྱི་འདབ་ཆགས་མཁའ་ལ་ལྡིང་།   དབུག་མེད་སྲོག་གི་གྱི་ལིང་དོག་འདིར་འཕྱོ།   རྒྱང་རིང་གནས་ནས་བཤད་སྒྲོས་ལྷངས་ཀྱིས་ཐིས།   མཐོ་སྟེ་ནམ་མཁའ་དབྱིངས་དང་ཆེས་དམའ་བ།   ས་ཆུའི་ཕག་ཏུ་བསྐྱུངས་ཞིང་རྩལ་གྱིས་འགྲན།   རབ་བྱུང་བཅུ་དྲུག་ལྕགས་སྟག་ངོས་པའི་མོད།   ཤར་ནས་་རུ་ཀ་ཡི་ཁ་རླང་འཕྱུར།   ཤར་བྱང་ནུབ་དབུས་ཁྱོན་ཀུན་རིམ་གྱིས་ཁེངས།   ས་ཁྱིར་ཁྱི་སྨྱོའི་སྤྲིན་དཔུང་གཡོ་བ་ལས།   བོན་ཆོས་རིས་མེད་སངས་བསྟན་པད་མོའི་ཚལ།   ཞི་དྲག་སད་སེར་གདུག་པས་སྨེག་ནས་བརླག   བླ་དཔོན་ཆེ་ཁག་བཙན་པོ་ཕྱུག་པོའི་རིགས།   མཆིས་ཚད་བཙོན་དུ་འཛིན་ཞིང་ཁྲིམས་ཞབས་འཛུད།   རྒྱུ་ནོར་ཨ་ཅང་ཁྱི་ཙམ་མ་ལུས་པ།   སྲིད་ཚད་ལེན་ཞིང་ཀུན་ཀ་ཁྱིམ་གཅིག་གི   བཟའ་མི་ལྟ་བུར་བསྡུ་ཞིང་སྡུག་ལ་སྦྱོར།   ཐམས་ཅད་ལན་གཅིག་དེ་ཡི་འོག་ཏུ་འཇུག    རང་རེར་སྐད་ཅིག་ཙམ་གྱི་དབང་མི་སྟེར།   བྱོལ་སོང་ལས་ཀྱང་དུཿཁའི་ཁུར་གྱིས་མནན།   མནར་བ་གཞིན་དུ་སྤྲོ་ཞིང་ལས་ལ་རུབས།   ཕྱིན་ཅི་ལོག་གི་ཚིག་ལ་བརྩི་བཀུར་བྱེད།   བོན་དང་གཤེན་ལ་རང་གཞན་ཡོངས་ཀྱིས་སྡང་།    རྒྱུ་འབྲས་ལོག་པའི་སྡིག་ཚིག་སྣ་ཚོགས་སྨྲ།   ས་བརྐོ་རྡོ་བཀློག་ཤིང་གཅོད་རི་ལུང་བསྲེག   སྡེ་བརྒྱད་འཁྲུགས་ནས་ནད་མུག་སད་སེར་གཏོང་།   དགེ་སྤྱོད་མཐོང་ཚེ་ཧ་ལས་ཐན་དུ་བལྟ།   ལོག་སྤྱོད་མཐོང་ན་ཀུན་གྱིས་སྤྲོ་ཉམས་བསྐྱེད།   ངང་པ་འབུ་ཟིན་ཚང་ནས་སྤུར་མ་ཐག    ཕོ་རོག་ཞོན་ནས་ལོག་ཚིག་སྣ་ཚོགས་སྨྲ།   ལྷ་རྟེན་མཆོད་རྫས་སེར་ཆས་ལ་སོགས་པ།   བཤིག་ཅིང་ཕོ་མོ་ཡོངས་ཀྱི་རྒྱན་ཆར་སྟེར།   སྔོན་གྱི་སྲོལ་རྣམས་ཕྱིན་ཅི་ལོག་ཏུ་བསྒྱུར།   གདོང་ལྔ་པ་ལས་རྡོ་རྗེའི་འཇུག་ཅན་འཕགས།   ཕོ་ལས་མོ་རྣམས་རྩིས་སུ་ཆེ་བར་གཅེས།   དམ་པ་བས་ཀྱང་དམན་པ་ཆེས་ཆེར་མཐོ།   དམན་པའི་དམ་པ་སྨད་ཅིང་སྐུར་བ་འདེབས།   ཕྱུག་པོ་བས་ཀྱང་དབུལ་པོ་ཁས་དྲག་ཆེ།   དབུལ་པོས་ཕྱུག་པོ་བྲན་བཀོལ་སྡིགས་བརྡུང་སྟེར།   སེམས་ཅན་ལས་དང་བསོད་ནམས་དམན་པའི་ཕྱིར།   བླ་དཔོན་ཆེ་ཁག་དགོན་སྡེའི་གཞི་གནས་དང་།   སྐུ་གསུམ་ཐུགས་རྟེན་མིང་གི་ལྷག་མར་སྦྱར།   བོན་དང་གཤེན་གྱི་དབུ་རྨོག་དམའ་རུ་འཇུག   སྔོན་ལས་ངན་པའི་ལས་འཕྲོ་དམན་པའི་རིགས།   བདེན་པའི་བོན་ལ་མི་མོས་ལོག་པར་བལྟ།   བདར་ཁྲིད་ཚིག་ལ་ཡིད་གཞུངས་མཆོག་ཏུ་འཛིན།    དགེ་ལ་ཕྱོགས་པ་གང་དག་བླུན་པོར་མཐོང་།   སྡིག་ལ་ཕྱོགས་པ་གང་ཡང་གྲུང་པོར་བརྩི།  བགྲེས་པོ་དག་ལས་གཞོན་ནུ་དབང་ཤེས་ཆེ།   ཉིན་གཞིན་འཚོགས་འདུར་འགུག་ཅིང་གཡོ་སྒྱུས་བརྔོད།   ཀུན་གྱིས་ཡིད་ཆེས་སྤྱོད་ལམ་དེར་མཚུངས་བསླབ།   བྱིས་སྦ་དག་ཀྱང་རྗེས་ཟློས་ལབ་ལ་དགྱེས།   དེ་དང་དེ་གཞིན་བྱས་ཚེ་ལོག་པར་གོལ།   དེ་དང་དེ་འདྲའི་སྡུག་ལ་བསམ་ཡས་པ།   ངན་དགུ་སྡིག་བཅུ་འཚོགས་པའི་སྣང་ཚུལ་འདི།   སྔོན་ནས་རང་རེས་བྱས་པའི་སྡི་བཅུ་འབྲས།   ཁོང་ནས་རང་ཉིད་ཁོ་ན་རྒྱལ་འདོད་ཀྱང་།   ཁ་ནས་གཞན་ཀུན་བྱམས་པས་བསྐྱང་དགོས་བསྙད།   རང་ལས་ཅུང་ཙམ་ལྷག་པ་ཞིག་མཐོང་ཚེ།   དེ་ཉིད་དམན་པར་སྦྱོར་ཐབས་ཀུན་ནས་བརྩམས།   མཆོག་ཀུན་དམན་དང་དམན་པ་མཆོག་ཏུ་བསྔགས།   ཡུག་ས་མོ་སོགས་བུད་མེད་དཔོན་དུ་བསྐོ།   ལེགས་བྱས་ངན་པ་ཉེས་བྱེད་བཟང་པོར་བརྩི།    སྔོན་བྱུང་སྲིད་པའི་ལུགས་ལས་ལྡོག་པར་བྱ།   དེ་ལྟར་ལས་སྤྱོད་ལོག་པའི་ངན་རྐྱེན་གྱིས།   བདེ་སྐྱིད་འདོད་ཀྱང་ལས་ཀྱིས་བསྐལ་པས་དབེན།   སྡུག་ལ་མི་འདོད་བཞིན་དུ་ངང་གིས་རྫོགས།   དེ་སོགས་དེ་འདྲ་སྨྲ་ན་བརྗོད་མི་ལོང་།   དེང་འདིར་རང་ཐོག་སྨིན་པའི་དུས་བབ་ཡིན།    དེ་ལྟར་ནའང་དེ་ཡང་མི་རྟག་སྟེ།   ཡུན་རིང་མི་བརྟན་འཕོ་འགྱུར་མང་དུ་སྲིད།   ཤེས་དམན་བྱིས་བློའི་སྣང་ངོར་གཡུང་དྲུང་བོན།   ལྟར་སྣང་ཙམ་དུ་སྣུབ་པར་མཐོང་ནའང་།   དབྱིངས་ཉིད་མཁའ་ལ་འགྲན་པའི་ཟླ་མེད་ལྟར།   རྫུན་སྣང་སྒྱུ་མའི་འཕྲུལ་གྱིས་བསྣུབ་མི་འགྱུར།    མུན་རུབ་ཤུགས་ཀྱིས་ནམ་ལངས་དུས་བབ་བཞིན།   སྔོན་ལས་ངན་པའི་བག་ཆགས་འཛད་པའི་ཚེ།   ཀུན་ནས་དགེ་བའི་ལས་ཀྱི་ཉམས་སད་དེ།    རིས་མེད་ཡོངས་ལ་སྨན་པའི་བྱ་བ་བརྩམས།   སྤྱིར་ན་སྲས་བཅས་རྒྱལ་བའི་སྨོན་ལམ་དང་།   སྒོས་སུ་སྤྱི་མཐུབ་ལས་ཀྱི་བསོད་ནམས་མཐུས།   ཐུབ་བསྟན་སྲིད་སྒྲོན་ཆུ་ལྷའི་རུམ་དུ་མནལ།   གཤེན་བསྟན་མནལ་བ་གཉིད་སད་ལྡང་བ་ལྟར།   རྒྱལ་བསྟན་ཉིན་བྱེད་ནུབ་རིའི་རྩེར་ཕྱིན་མོད།   སྤྱི་མཐུན་དགེ་བའི་ཁྱུང་སྔོན་སྐྱེས་ཤར་ཚེ།   སྲིད་པའི་མིག་མཆོག་སླར་ཡང་འཆར་བར་འགྱུར།    ཕན་བདེའི་འབྱུང་གནས་བསམ་འཕེལ་ནོར་བུའི་མཆོག   གཡུང་དྲུང་བོན་གྱི་བཞིན་རང་གསར་བ་ཉིད།   དུས་བབ་སྤང་ལ་ཤ་མོས་བརྡོལ་བ་ལྟར།   ས་བྱ་གླང་ལ་མངོན་སུམ་ཉིད་དུ་འབྱོན།   སྲིད་གསུམ་འགྲོ་བའི་མགོན་པོ་འོད་དཔག་མེད།   མཁྱེན་རྩེ་ནུས་ལྡན་རྒྱལ་བ་རྒྱ་མཚོ་ཚོགས།   ཀུན་ནས་རྣམ་དཀར་དགེ་བའི་མངའ་བདག་རྗེས།   ཕྱོགས་མེད་ཡོངས་སུ་གང་ལ་ཅིས་འདུལ་བར།   མ་ངེས་སྣ་ཚོགས་མི་ཡི་ཟོལ་སྟོན་ཏེ།   བསྟན་དང་འགྲོ་ལ་ཕན་བདེ་སྤེལ་དང་ལྷན།   ནགས་ལ་མེ་མཆེད་གྲོགས་ཀྱི་རླུང་གཡོས་པས།   དབང་མེད་ཤུགས་ཀྱིས་ཆེས་ཆེར་མཆེད་པར་ལྟར།   ལྷག་པར་བླ་ཆེན་ཡབ་སྲས་ཡུམ་བཞི་ཡིས།   བརྩེ་ཆེན་རྣམ་བཞིས་འགྲོ་འདི་བསྲུང་བའི་སླད།   དཀར་ཕྱོགས་སྐྱོང་བའི་རྒྱ་རྒྱལ་འགར་སྤྲུལ་ནས།   བོན་བསྟན་མཐའ་ནས་དབུས་སུ་དར་རྒྱས་མཛད།   རིས་སུ་མ་ཆད་སྐྱེ་འགྲོ་ཡོ་ཀ་ལ།   སྐྱིད་ཀྱི་ཉི་མ་དགུང་དུ་ཤར་བའི་ཚེ།   ཕྱོགས་སུ་ལྷུང་བའི་ལེགས་བྱས་པད་མོའི་ཁྱོན།   ཀུན་ནས་བཞད་པའི་དགེ་མཚན་རྨད་དུ་བྱུང་།   དེ་ཚེ་བོན་གཤེན་མངའ་ཐང་ལྷ་དང་མཉམ།   རྒྱ་བོད་ཡོངས་ཀྱིས་བོན་ལ་སྐྱབས་སུ་འདུས།   སྙིགས་མའི་བརླང་སྤྱོད་རྒུད་པའི་ཚོགས་ཞི་ནས།   རྩོལ་མེད་ཤུགས་འབྱུང་དཔལ་འབྱོར་འཚོགས་པར་འགྱུར།   འདི་ལྟར་སངས་རྒྱས་བསྟན་དང་འཕྲད་པའི་དུས།   དལ་འབྱོར་ཐོབ་པ་སྟོང་ལོག་མ་བྱས་ལ།   ཕྱི་མར་བདེ་བ་ཅན་གྱི་ཞིང་ཁམས་སུ།   མྱུར་དུ་འཁོད་པའི་ལེགས་བྱས་སྒྲུབས་ཤིག་ཀྱཻར།   དགེ་བཅུ་བོན་བཞིན་སྤྱོད་པ་འབའ་ཞིག་གིས།   སྡིག་བཅུ་དུག་གི་མེ་ཏོག་ལྟར་དོར་ནས།   སྡེ་བཅུ་བོན་གྱི་འཁོར་ལོ་བསྐོར་བཞིན་པར།   ས་བཅུ་ཡང་གོང་གཡུང་དྲུང་གསུམ་ཐོབ་ཤོག   ཀུན་ཁྱབ་བོན་ཉིད་དབྱིངས་ཀྱི་ཀློང་དཀྱིལ་དུ།   ཀུན་གསལ་རིག་པའི་ཉི་མ་འབར་བའི་གཟིས།    ཀུན་འབྱུང་ཉོན་མོངས་མུན་པ་མཐར་བསྐྲད་དེ།    ཀུན་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག    དེ་ལྟར་གནམ་བོན་རྒྱ་གར་ཤེར་རྒྱལ་གྱིས།   མཁའ་འགྲོའི་ལུང་གི་བཀའ་རྒྱ་བཀྲོལ་བས་བྲིས།   ལས་དང་བསྐལ་པ་ལྡན་པ་རེ་འགའ་ལས།    ཕལ་དང་ཕལ་ལ་མ་བསྟན་ན་རཿཀན།    གབ་རྒྱཿ    གསང་རྒྱཿ     སྦས་རྒྱཿ      རྒྱ་རྒྱ་རྒྱ།    ཨུ་ཡ་      ཨག་ཐམ་      དགེའོ།     བཀྲ་ཤིས་པར་གྱུར་ཅིག      ལེགསོ།   ལེགསོ།    

གཙོ་སྒྲིག་པ།  ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།  

ཡིག་སྟར་བ།  ཚུལ་ཁྲིམས་གཙུག་ཕུད།  

___________________________________

མཚམས་སྦྱོར།  

༼མཁའ་འགྲོའི་ལུང་ལས་ཚད་མར་སྟོན་པ་བཞུགས།༽ཞེས་དཔེ་ཆ་འདིའི་མཛད་པོ་ནི་མཁན་ཆེན་བསོད་ནམས་བློ་གྲོས་སམ་ཀུན་མདུན་ཤེས་རབ་དགོངས་རྒྱལ་ནི་སྨན་རིའི་མཁན་རབས་ཉེར་གཉིས་པ་ཡིན་ཞིང་ཁོང་རིན་པོ་ཆེ་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་༡༧༨༤ལོར་སྐུ་འཁྲུངས།  ཆུང་ནས་ཐོས་བསམ་སྒོམ་སྒྲུབ་རིམ་བཞིན་མཛད་ཅིང་ལྕགས་རྟ་ལོར་སྨན་རི་གསེར་ཁྲིར་ཕེབས།   དགོངས་གཏེར་སྙན་རྒྱུད་ལྷ་རྒོད་ཕྱི་ནང་གསང་བའི་སྒྲུབ་པ།  སྒྲིབ་སྦྱང་མུ་སེལ་སྒྲོན་མ།  རྩིས་དཔེ་ཤེལ་དཀར་ཟ་མ་ཏོག།   མ་འོངས་ལུང་བསྟན་སོགས་མང་པོ་ཕབས་པ་སོགས་སྨན་རི་མཁན་རབས་ནང་གི་མཛད་རྗེས་ཆེ་གྲལ་ཤིག་ཡིན་ལ་ཤིང་ལུག་༡༨༣༥ལོར་སྐུ་གཤེགས།   

  འདི་ལྟར་མ་འོངས་ལུང་བསྟན་འདི་ཡི་ནང་གསུངས་བའི་གནས་ཚུལ་མང་པོ་འདི་ལྟར་ཇི་བཞིན་ཕྱིན་ཚར་མོད།    འོན་ཏང་དྲ་ལམ་དུ་སྤེལ་དགོས་དོན་ནི་བླ་མ་རིན་པོ་ཆེ་ཁོང་གིས་ལོ་བརྒྱ་ཕྲག་གཉིས་ལྷག་གི་རྗེས་སུ་འབྱུང་འགྱུར་མ་འོངས་ལུང་བསྟན་འདི་ལྟར་བོད་རབ་བྱུང་བཅུ་དྲུག་སྐབས་ཀྱི་གནས་ཚུལ་ཁ་གསལ་གསུངས་འདུག་པས།    ད་ལྟ་དེང་རབས་ཅན་ཞེས་པའི་དུས་སུ་ཕྱི་ཡི་སྣང་བ་འདིས་བསླུ་བར་མཆོག་ཏུ་མཁས།   བར་རྣམ་རྟོག་གིས་ནང་དབྱེན་རབ་དུ་རྒོད།   ནང་རིག་པ་འདི་ཅོལ་ཤིན་ཏུ་ཆུང་བས་འཁྲུལ་བའམ་དྲན་རྒྱུ་རྒོད་རྒྱུ་དེ་བས་མོད་པའི་དུས་མི་སྐྱ་སྐེ་ཚོས།    སྐྱེས་ཐོབ་ཀྱི་ཤེས་རབ་མངའ་བའི་ཚན་རྩལ་པ་དག་གི་ལད་མོའམ་ཡིན་ཁུལ་གྱིས།   ཁ་ནས་བདེ་པོ་འདྲ་འདྲ་འགྲིག་འགྲིག་གང་གང་དྲན་དྲན་ཤོད་མཁན་མང་དག་ཅིག་འདུག་ཀྱང་།   དོན་དུ་ཚན་རིག་དང་ཚལ་རྩལ་གྱི་ཁ་ཕྱོགས་འགྲོ་སྟངས་གནས་ལུགས་ཕྱོགས་ཙམ་ཤེས་མཁན་རེ་འགའ་ཙམ་ཡོད་ན་ལྷ་རབས་རེད།   དེ་ལྟར་བློ་གྲོས་ཀྱི་དབང་པོ་ཡངས་བའི་ཚན་རིག་པའི་དགོངས་པའི་ཉིང་བཅུད་ལས་གྲུབ་པའི་ཚན་རྩལ་གྱིས།    འཇིག་རྟེན་ས་ཡི་གོ་ལ་ཧྲིལ་པོའི་ཐོག་ཏུ་གནས་ཤིང་འཚོ་བའི་སྲོག་ཆགས་ཀུན་གྱི་ནང་ནས།     མིའི་སྤྱི་ཚོགས་ཀྱི་ཐོག་ཏུ་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་འདི་ལྟར་བསྐྲུན་འདུག་པ་དེ་ལ་མཐད་ཅིང་ལོངས་སུ་སྤྱོད་མཁན་ཞིག་མ་གཏོགས།     དེ་ལ་ཞེན་པ་ལོག་ཏེ་སྡོད་གཏོང་མཁན་ཞིག་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡོད་མི་སྲིད་པའི་དུས་རབས་ཤིག་སླེབས་འདུག་པས་སོ།    འོན་ཏེ་ཚན་རིག་པས་ཀུན་རྫོབ་དང་འབྲེལ་བའི་རྣམ་ཤེས་དང་ཚེ་སྔ་ཕྱི་སོགས་ནི་རྩད་མི་ཆོད་པའི་ངེས་པ་མེད་ཀྱང་།    དོན་དམ་བདེན་པའི་གནས་ལུགས་རིག་པའི་ངོ་བོའམ་རང་གཤིས་ཇི་མ་ཇི་བཞིན་ཉིད་ནི།   ཇི་ལྟར་ཇི་སྙེད་ཚུལ་བཞིན་ཉམས་སུ་བླངས་ཏེ་བརྩོན་པར་དོན་རྟོགས་པ་ལས་མཚན་མའི་རྫས་ཀྱིས་དཔོག་ནུས་པ་ལྟ་ཅི་དོན་དམ་བློ་ཡི་སྤྱོད་ཡུལ་མིན།   ཞེས་གསུངས་པ་མ་ཟད་ཡང་དག་པར་རྫོགས་པའི་རྒྱལ་བ་སངས་རྒྱས་དང་ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་རྣམས་ཀྱི་མཁྱེན་གཟིགས་ཀྱི་སྤྱོད་ཡུལ་གྱི་ཚད་ལ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཞལ་རྒྱུ་ནི་བསྐལ་པའི་ཕར་མཐར་ལོས་ཡིན།     བློ་རིག་བཀྲ་ཞིང་རྣམ་དཔྱོད་ཀྱི་ཤེས་རབ་རྒྱས་པའི་མི་བུ་དག་གིས་ཚན་རྩལ་དང་རིག་པའི་གཞུང་ལུགས་གསར་དུ་གཏོད་ནུས་པ་ཧ་ཀྱང་རེད་ལ་ཕར་ལྟས་ཚོད་འཇིག་རྟེན་འདིའི་ཐོག་ཏུ་གནས་པའི་མི་རྣམས་ནི་མིའི་གཟུགས་སུ་གྲུབ་པ་འདྲ་འདྲ་ཡིན་མོད་དོན་དུ་བློ་རབ་འབྲིང་ཐ་གསུམ་ཡོད་པ་ཙམ་མ་ཟད་འཇིག་རྟེན་མིའི་ཁ་དཔེ་ལའང་།    ཞེའུ་ཁྱི་ལ་བརྒྱ་སྐོར་དང་མགོ་ནག་མི་ལ་སྟོང་སྐོར་བརྒྱུགས་ཞེས་པའི་དཔེ་དེ་དོན་ལ་གནས་པ་ཡིན།         ཇི་སྐད་དུ་ལུང་ལས།   ཐ་མའི་དུས་འདིར་སེམས་ཅན་འཕྲག་དོག་ཆེ།    བསྟན་པ་འཕེལ་འགྲིབ་དབང་གིས་ཁ་མ་ཟིན།  སྒྲོ་བཀུར་འདེབས་མང་ངན་ལན་མི་བརྗོད་ཅིང་།    སྙིང་རྗེ་བཟོད་པ་བསྒོམ་བྱ་བྱང་ཆུབ་ལམ།  ཞེས་གསུངས་པས།     དུས་སྙིགས་མའི་དམུ་རྒོད་ཅེས་བྱ་བ་ནི།   དུས་ཀྱི་སྙིགས་མ་མར་འགྲིབ་རྩོད་ལྡན།  ཚེ་ཡི་སྙིགས་མ་ཚེ་ལོ་བཞི་བཅུ་ཁ་རལ་དུས།   སེམས་ཅན་གྱི་སྙིགས་མ་འདུལ་དཀའ་བ།  ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་ཁ་གྱུ་བ།  ཉོན་མོངས་པའི་སྙིགས་མ་དུག་ལྔ་ཁ་རག་པ་བཅས་སྙིགས་མ་ལྔ་བདོ་བའི་དུས་ཏེ།     མི་རྣམས་དྲན་འཁྲུལ་རྒོད་ཅིང་།  ཤོད་རྒྱུ་མང་བ། བྱ་རྒྱུ་ལས་རྒྱུ་མོད་པས། ཕར་ལ་ལྷག་བསམ་དང་བློ་གཏད་གཅོལ་ཏེ་ཕན་སེམས་ཀུན་ནས་བློང་ཡང་ཚུར་ལ་མི་འདོད་པ་སྣ་དགུ་སྟོན་ཞིང་ངན་བཀུར་འདེབས་མཁན་མང་དག་ཅིག་ཡོད་ལ།   དེང་དུས་མི་རྣམས་ཀྱི་ལྟ་བ་ནི་གནའ་བོའི་ཆོས་ལུགས་ནི་སོ་སོ་རྨོངས་དུ་འཇུག་ཅིང་མི་དང་མི་ཡི་བར་ལ་དབང་བསྒྱུར་བྱེད་པར་ཆབ་སྲིད་ཀྱི་ལག་ཆ་ཡིན་པ་དང་།  དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྡོ་ལྟ་བུ་དང་།   ལས་རྒྱུ་འབྲས་ཏེ་དགེ་སྡིག་གི་རྣམ་སྨིན་བདེ་སྡུག་བྱུང་བ་དང་།   དེ་ལ་ཚེ་སྔ་ཕྱི་འཕོ་བར་རྣམ་ཤེས་དང་བག་ཆགས།  ལྷ་དང་འདྲེ་ཞེས་བྱ་བ་ནི་གཏན་ན་མེད་པར་འཛིན་མཁན་དང་།   ཐེ་ཚོམ་མམ་སོམ་ཉི་བྱེད་མཁན་སོགས་མདོར་ན་བསམ་བློའི་འཁྱེར་ཕྱོགས་དང་བྱ་བ་སྤྱོད་ལམ་ཐམས་ཅད།   ད་སྐབས་ཀྱི་མི་ཕར་ཆེར་ནི་དེང་དུས་ཀྱི་ཕྱོགས་སུ་འགྲོ་བ་ནི།    འདི་ལྟར་ས་ཡི་གོ་ལ་འདི་ཡི་ཐོག་ཏུ་ཆེས་གནའ་བོ་གདོད་མའི་དུས་ནས་བཟུང་ད་ལྟའི་དེང་རབས་ཅན་ཞེས་པའི་བར་དུ་འཛམ་གླིང་ས་ཕྱོགས་གང་སར་དུས་རིམ་ལ་འཕོ་འགྱུར་དང་ཆག་འཇིག་འཕེལ་ཕྱོགས་མི་འདྲ་མི་འདྲ་མི་གཅིག་པ་ལ།  བསམ་བློའི་འཁྱེར་ཕྱོགས་ཀྱི་ལྟ་བ་མི་འདྲ་མི་གཅིག་པ།   བྱ་བ་དང་སྤྱོད་ལམ་མི་འདྲ་མི་གཅིག་པ།  ཆོས་ལུགས་རིགས་མི་འདྲ་མི་གཅིག་པ།   ལོ་རྒྱུས་མི་འདྲ་མི་གཅིག་པ་སོགས་མི་འདྲ་མི་གཅིག་བ་མང་དག་ཅིག་བརྒྱུད་དེ་བྱུང་བ་ནི་སྲིད་པའི་འཁོར་ཕྱོགས་སམ་རང་གཤིས་ཤིག་ཡིན། 

སྐབས་སུ་མ་འོངས་ལུང་བསྟན་ལྟ་བུའི་ནང་དོན་ཡག་པོ་ཡང་ཡང་དུ་གཟིགས་ཐུབ་ནས།   སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཚུན་ཆོད་དུ་ཚེ་སྔ་ཕྱི་ལས་རྒྱུ་འབྲས་ཕྱོགས་ཙམ་ཧ་གོ་བར་ནུས་པར་འདུག་ཅིང་དགེ་སྒྲུབས་སྡིག་སྤོངས་ལ་ཅུང་ཙམ་རེ་འབད་ཅིང་བསྐུལ་བར་ནུས་པ་སྙམ་པ་ཡིན་ནོ། །    

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.