བོན་ལུགས་སུ་སྲིད་པའི་འཇིག་རྟེན་ཆགས་རབས་སྡོམ་ཚིག
ཁྲོ་བོ་དབང་ཆེན་གྱི་གཞུང་གི་ཀླད་དོན་ལས་བླ་དཔེ་གཉིང་བ་ཇི་བཞིན་བྲིས། ཞེས་པ་ལས། ཉ་ལོ་ལྔ་ཅི་ཡང་མི་སྲིད་ཅི་ཡང་མ་བྱུང་ཙམ་ན། ནམ་ཀ་སྟོང་པ་ལས་འོད་ཀྱི་འཁོར་ལོ་རང་སྒྱུར་ཅིག་དུ་བསྲིད། འོད་ཀྱི་འཁོར་ལོ་དེ་རང་གིས་རང་བསྒྱུར་བའི་ཤུགས་དང་རླབས་ལས། རླུང་ཕྱད་དང་ཕྱོད་དུ་བསྲིད། རླུང་དེ་ཡིས་བསྐྱོད་ཅིང་བསྒུལ་བས་མེ་རུ་བསྲིད། ཚ་བའི་མེ་དང་གྲང་བའི་རླུང་གཉིས་འཐབས་པའི་བར་ནས། རླན་ཆུ་རུ་བསྲིད། ཆུ་ལ་ཕྲ་རབ་ཀྱི་རྡུལ་ཆགས་པས་གསེར་གྱི་ས་གཞི་བསྲིད། དེ་ནི་རྒྱུ་འབྱུང་བ་ཆེན་པོ་ལྔའོ། རྒྱུ་འབྱུང་བ་ལྔའི་རྫུ་འཕྲུལ་ལས། སྲིད་སྐོས་ཕྱ་དང་གསུམ་ཡང་དེ་ལས་སྤྲུལ་ཏེ་བསྲིད། དམུ་བདུད་མཚམས་དང་གསུམ་ཡང་དེ་ལས་སྤྲུལ་ཏེ་བསྲིད། ཀླུ་གཉན་ས་བདག་གསུམ་ཡང་དེ་ལས་སྤྲུལ་སྟེ་བསྲིད། བགེགས་བསྲིན་བྱུར་དང་གསུམ་ཡང་དེ་ལས་སྤྲུལ་སྟེ་བསྲིད། མི་སྨྲ་གཤེན་དང་གསུམ་ཡང་དེ་ལས་སྤྲུལ་སྟེ་བསྲིད། མ་བསྲིད་རྒུ་བསྲིད་ན། ཞེས་གསུངས་སོ།