༼ཞང་ཞུང་ཁབ་ཁྱུང་ལུང་དངུལ་མཁར་བརྩིགས་ནས་ལོ་༡༧༡༢༣འཁོར་བའདུསཆེན།༽
ལོ་གཉིས་སྟོང་དགུ་བརྒྱ་ཙམ་འགྲོ་བའི་ཁ་རག་རྡོ་སྐུ་རང་བྱོན་ནམ་དྲན་པ་བདུད་འདུལ་རྡོ་སྐུ་རང་བྱོན་ཞེས་བརྗོད་ཅིང་ཆེད་མཁས་པ་འགའ་ཞིག་གིས་བཤད་པ་ལྟར་ནས་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་རྡོ་སྐུ་བཟོ་སྔ་ཤོས་དེ་འདི་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག
སྤྱི་ལོ་༢༠༠༤ལོར་མཁར་གདོང་གནའ་ཤུལ་ལ་རྙེད་སོན་བྱུང་བའི་ལྷ་སྐུ།
ཚན་རིག་པས་ཁྱུང་ལུང་དངུལ་མཁར་(མཁར་གདོང་གནའ་ཤུལ)ལ་གནམ་སྐར་ནས་པར་རྒྱབ་ཅིང་ཞིབ་འཇུག་བྱས་པའི་གནའ་བོའི་མཁར་ཆགས་ས་ཀྲ།
ཁྱུང་ལུང་དངུལ་མཁར་བརྩིགས་ནས་མི་ལོ་གཅིག་ཁྲི་བདུན་སྟོང་གཅིག་བརྒྱ་ཉི་ཤུ་རྩ་གསུམ་འཁོར་བའི་དུས་ཆེན་ལ་དྲན་གསོ་ཞུའོ།།
རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཞང་ཞུང་ཡུལ་དུ་ཕེབས་ཏེ་ཁྱུང་ལུང་དངུལ་མཁར་ཆགས་བཏབ་པའི་སྐོར་ནི། བོན་མ་ནུབས་ཏེ་གཏེར་དུ་མ་སོང་བའི་བོན་སྡེ། དཔལ་ཀུན་འབུམ་གོ་འབྱེད་ས་ལྷ་ཀུན་འབུམ་ཁྲ་བོ་ལས།
ཞང་ཞུང་སྐད་དུ། གུ་བྷ་ཧེ་བག་སླས་སད་དད་དོ་ཅི། བོད་སྐད་དུ། མཛད་པ་རིན་པོ་ཆེ་ཀུན་འབུམ་གོ་འབྱེད་ཞེས་བྱ་བ། སྲིད་པ་རྒྱལ་པོ་ཆེན་པོ་བདེ་བར་གཤེགས་པ་བླ་ན་མེད་ཡང་དག་པར་རྫོགས་པའི་སངས་རྒྱས། སྲིད་པའི་རྒྱལ་པོ་དཔལ་འབུམ་གོ་འབྱེད་ལ་ཕྱག་འཚལ་ལོ། ཞེས་ནས།
ཞང་ཞུང་སྐད་དུ། གུ་ཐུན་ཝེར་ཞི་ཙ་ན་གུ་བྷ། བོད་སྐད་དུ། ཀུན ཐུབ་རྒྱལ་པོ་སྲུངས་བའི་ཀུན་འབུམ། དཔལ་ཀུན་འབུམ་གོ་འབྱེད་ལ་ཕྱག་འཚལ་ལོ། དེ་ནས་སྟོན་པ་གཤེན་རབ་ཀྱིས། རྒུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུགས་པར་དགོངས་པས། འདབ་ཆགས་གི་རྒྱལ་པོ་ཁྱུང་ཆེན་ཅིག འདི་ལ་ཆིབ་ཀྱི་ཡེགེ་མགུལ་དུ་བཏག་ན་བྱུང་སྟེ། ལོ་བྱ་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། ལྟ་བ་ཁྱུང་ཆེན་གྱི་གཏན་ཚིག་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུགས་སུ་གཤེགས་ནས། དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་རྒྱལ་པོར་ཐོགས་པ་ཡང་དེར་བསྲིད་དོ། དེ་ལ་མས་གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས། མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་༼བརྒྱ་༽དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། །ཤེ་ལེ་དབལ་རྩེ། འོད་གསལ་གཡུ་རྩེ། གསང་མེར་ལྷ་རྩེ། ཉི་འོད་ཤེལ་རྩེ། རྒྱལ་བ་བསེ་མཁར། ཡ་གད་སྟག་མཁར། ཧབ་སོ་ལྒ་མཁར། སྐྱུག་མོ་ལན་མཁར། ལོ་ཏོག་འགྱུར་མཁར། དྲག་ཚན་འབྲམ་མཁར། གུ་རི་གནམ་མཁར། གཡུང་དྲུང་ཡོད་མཁར། ཁ་རག་ཁྱུང་མཁར། དཔལ་བརྩན་སེང་མཁར། ཆེ་བརྩན་དྲེགས་མཁར། མཐོ་བརྩེགས་རྒོད་མཁར། མ་མ་དྲེད་མཁར། ཡར་མོ་བཞད་མཁར། མཁར་ཕྲན་བཅོ་བརྒྱད་ལ། སྡེ་ཆེན་བཅོ་བརྒྱད་གནས། བོན་ཆེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ། དེའི་དཀྱིལ་ཤད་དུ། ཁྱུང་ལུང་དངུལ་མཁར་བརྩིགས། རྨེང་བཞི་གསེར་ལ་བྱས། ལོག་བཞི་དངུལ་ལ་བྱས། སྒོ་སྐྱེས་པ་ལྕགས་ལ་བྱས། སྒོ་བཞི་དུང་ལ་བྱས། ཟུར་བཞི་མཆོང་ལ་བྱས། ཁ་བད་ཟངས་ལ་བྱས། རྩེ་མོ་གནམ་རིམ་བཅུ་གསུམ་དུ་བྱུང་། བུ་ཡུག་རྟག་པར་འཁོར། འབྲུག་ཏོང་སྔོན་པོ་ཉལ། བྱ་ཁྱུང་རྩིབས་སུ་ལྡིང་། མཁར་མིག་བརྒྱ་དང་རྩ་བརྒྱད་ཡོད། སུམ་ཆ་ཡན་ཆད་ལྷའི་བཟུངས་། གཡའ་བྲག་གངས་གསུམ་བྷར། འོད་ཟེར་ཐོག་གསུམ་འཕྲོ། ལྷ་དྲག་གེ་ཁོད་གནས། སུམ་ཆ་གཤེན་གྱིས་བཟུང་། འབྲོག་མོ་ཐིལ་གསུམ་མཆིས། རྟ་ལུག་གནག་གསུམ་འཕྱོ། རྔ་གཤང་དུང་གསུམ་སྒྲོགས། བསྭོ་དབལ་བོན་གསུམ་འབོད། ཞང་ཞུང་གྱེར་རྒྱུང་གནས། སུམ་ཆ་མན་ཆད་ཀླུས་བཟུངས། གཡུ་མཚོ་ཀྱི་ལི་ལི། གཡུ་བུན་ཁྲིགས་སེ་ཁྲིག ཆུ་སྲིན་དུང་གསུམ་ངར། ཀླུ་ཕྲུག་གྱུར་གསུམ་རྩེ། མི་མགོན་དཀར་པོ་གནས། དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན། ཞང་ཞུང་གིས་རྒྱལ་ཁམས་སུ་གནས་པའི་སྐལ་ལྡན་བྱེ་བ་གྲངས་མེད་ཀུན། སྟོན་པའི་བཀའ་རྒྱུད་བྱིན་རླབས་མངོན་པར་སངས་རྒྱས་སོ། ཞེས་གསུངས་སོ།། །།
དེ་ནས་སྟོན་པ་གཤེན་རབ་ཀྱིས། རྒུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་བཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུགས་པར་དགོངས་པས། འདབ་ཆགས་གི་རྒྱལ་པོ་ཁྱུང་ཆེན་ཅིག འདི་ལ་ཆིབ་ཀྱི་ཡེགེ་མགུལ་དུ་བཏག་ན་བྱུང་སྟེ། ལོ་བྱ་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། ལྟ་བ་ཁྱུང་ཆེན་གྱི་གཏན་ཚིག་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུགས་སུ་གཤེགས་ནས། དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་རྒྱལ་པོར་ཐོགས་པ་ཡང་དེར་བསྲིད་དོ། ཞེས་གསུངས་པས།
ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་མཁར་ལྔ་ཡི་དང་མ་ཁྱུང་ལུང་དངུལ་མཁར་བརྩིགས་ནས་མི་ལོ་གཅིག་ཁྲི་བདུན་སྟོང་གཅིག་བརྒྱ་ཉི་ཤུ་རྩ་གསུམ་འཁོར་བའི་དུས་ཆེན་ལ་དྲན་གསོ་ཞུ་བའི་མཚོན་བྱེད་ཁྱུང་ཆེན་རིགས་ལྔ།
ཞང་ཞུང་དབུས་ཀྱི་ལྟེ་བ་འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་དཀར་ཏི་སེ་དང་མ་པང་གཡུ་མཚོ་དང་སྟག་རི་ཁྲ་བོ་ཞང་ཞུང་དབུས་ཀྱི་ཡུལ་ལྗོངས།
ཞང་ཞུང་དབུས་ཀྱི་ལྟེ་བ་ཁབ་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞིའི་(མཁར་གདོང་གནའ་ཤུལ།)གནའ་ཤུལ།
ཞང་ཞུང་དབུས་ཀྱི་ལྟེ་བ་ཁབ་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞིའི་(མཁར་གདོང་གནའ་ཤུལ།)གནའ་ཤུལ།
དེ་ལྟར་མཁར་གདོང་གནའ་ཤུལ་གཅིག་བུའི་པར་རིས་བཀོད་པ་ཡིན་ཕྱོགས་མཚམས་ཉེ་འཁོར་དུ་འཛིང་ར་དང་བང་སོ་དང་དགོན་པ་སོགས་གནའ་ཤུལ་མང་པོ་པར་མང་དོག་ཅིང་བཀོད་མ་གྲུབ།
(ཞང་ཞུང་དབུས་ཀྱི་ལྟེ་བའི་ཁབ་ཁྱུང་ལུང་དངུལ་མཁར་)མཁར་གདོང་གི་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་མོན་མཚེར་ཤང་གྲོང་ཚོ་བཞི་པའི་ས་ཁོངས་སུ་ཡིན་པར། ཀུན་འབུམ་གོ་འབྱེད་ལས། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་དངུལ་མཁར་བརྩེགས། ཞེས་གསུངས་པ་བཞིན་བོན་གྱི་ལོ་རྒྱུས་ལྟར་ནས་ས་དཔྱད་ལྟ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གནས་འདིར་གལ་ཆེའི་ས་གནས་ཤིག་ལོས་ཡིན་སྙམ་པའང་ཡོད། མཐོ་ཚད་རྒྱ་མཚོའི་ངོས་སུ་རྨིད་བཞི་སྟོང་ལྔ་བརྒྱ་ལྷག་ཟིན་པའི༽མཐའ་གཤམ་བྲག་གཡང་གཟར་ཅན་གྱི་བསྐོར་ཞིང་། མཁར་གདོང་གི་གནའ་ཤུལ་གཅིག་བུའི་འཛུགས་བསྐྲུན་གྱི་རྒྱ་ཁྱོན་ནི་རྨིད་གྲུ་བཞི་མ་གཅིག་ཁྲི་དགུ་སྟོང་ལྷག་ཟིན་པས་ཆེད་མཁས་ཞིབ་འཇུག་པ་འགའ་ཞིག་གི་དཔྱད་འབྲས་ལྟར་ནས། སྤྱི་ལོའི་དུས་རབས་བདུན་པའི་སྔོན་གྱི་གནའ་ཤུལ་མཁར་གྱི་འཛུགས་བསྐྲུན་གཞི་ཁྱོན་འདི་ལས་ལྷག་པ་ནི་ད་ལྟ་བོད་ཡོངས་ལ་ཕར་ཆེར་མཐོང་དཀོན་ཞེས་ཟེར། དབུ་རྩེར་མཁར་གྱི་བྱང་ངོས་ན་ཐེམ་སྐས་སམ་བང་རིམ་བདུན་ཅུ་ལྷག་གི་སྟེང་དུ་མཁར་གཙོ་བོ་དེའི་བརྩེགས་ཤུལ་ཡོད་ཅིང་མཁར་ངོས་ཀྱི་གཡས་གཡོན་མདུན་གྱི་མཁར་དབྱིབས་སོགས་ཆགས་སྟངས་ཅི་ལྟར་ཡིན་པ་ད་ལྟ་རྩེག་ཤུལ་གསལ་པོ་བསྡད་མི་འདུག་མོད། ཕར་ཆེར་གནའ་བོའི་དུས་སུ་རི་བོའམ་མཁར་ཤུལ་དེའི་སྟོད་ཀྱི་རི་གདོང་ཀུན་མཁར་ཡིན་པའི་བཟོ་ཞིག་འདུག་པར། དེ་བས་ན་རྗེས་སུ་མཁར་གདོང་ཞེས་པའི་མིང་དེ་ལྟར་དུ་ཐོགས་པ་ཞིག་མིན་ནམ་སྙམ་པ་ཤར། དེ་ནས་རི་གདོང་ངམ་མཁར་གདོང་གི་གཡས་གཡོན་ཀྱི་རྒྱུད་ཁང་པ་དང་མཐར་ལྕགས་རི་སོགས་ཀྱིས་ཡོངས་སུ་བསྐོར་བའི་ཐོག་གི་མདུན་ངོས་ཀུན་ལ་གཞི་ཁྱོན་ཆེ་བའི་མཁར་རམ་ཁང་པ་སོགས་ཀྱི་བརྩེགས་ཤུལ་ཤ་དག་ཡིན་ཞིང་རྩེག་རྒྱུའི་གྲུབ་ཆ་ནི་ད་ལྟ་མཐོང་བཞིན་པ་ནི་རྡོ་རྩེག་རྐྱང་རྐྱང་དང་རྡོའི་རྩེག་སྟངས་ནི་སླས་མ་སོགས་ཀྱིས་བརྩེགས། དེ་ནས་ཐང་གཤམ་དུ་འབབ་བྱེད་ཐེས་སྐས་སོགས་ཀྱི་བརྩེགས་ཤུལ་མང་པོ་ཡོད་ཅིང་གཡས་ངོས་ཀྱི་ཐེས་སྐས་གཅིག་གི་སྣེ་ནི་བྲུས་ཕུག་ཅིག་ལ་གཏུགས། མདོར་ན་ད་ལྟ་དེར་གཞི་ཁྱོན་ཆེ་བའི་རྡོ་བརྩེགས་ཀྱི་མཁར་ཤུལ་མང་པོ་ཡོད་པ་མ་ཟད། དེ་བཞིན་རྡོ་ཆས་དང་། རྫ་ཆས། ཁྲབ་བྱང་དང་། མདའ་རྩེ་སོགས་ལྕགས་ཆས་རིགས། གཟི་རྙིང་། ཨ་ལིས་ཞེས་དུང་དང་གཡུ་ལ་སོགས་པའི་ཤེ་ནེའི་རིགས། གནམ་ལྕགས་སམ་ཐོག་ལྕགས་སོགས་གནའ་རྫས་མང་དག་ཅིག་རྙེད་སོན་བྱུང་རྒྱུ་ཡོད་ཅིང་། ང་ཚོས་རྙེད་སོན་བྱུང་བའི་གནའ་རྫས་དེའི་རིགས་ད་ལྟ་དགོན་པས་ཉར་ཚགས་བྱས་དང་བྱེད་བཞིན་ཡོད། དེ་བཞིན་ཤར་དུ་རྒྱལ་རིགས་ཀྱི་བང་སོ་དང་། ཨ་ལི་ཐང་ལ་གནའ་ཤུལ་དང་། བྱང་དུ་རྫ་སྤུངས་བང་སོ། ནུབ་དུ་གུ་རུ་གྱམ་གྱི་བང་སོ་དང་། སྨན་ཁྲོད་ཀྱི་རི་ལྡེབས་སོགས་ལ་གནའ་ཤུལ་རྡོ་རྩེགས་གང་སར་ཁྱབ་ཡོད་པ་མ་ཟད། ལྷོ་རུ་སྤང་རས་ཀྱི་རི་ལྡེབས་སུ་རྡོ་རྩེགས་ཀྱི་འཐབ་རགས་གང་སར་རྒྱ་ཆེན་པོ་འདུག མདོར་ན་མཁར་གདོང་དང་འདིའི་གཡས་གཡོན་སོགས་ཀྱི་གནའ་ཤུལ་མང་ཞིང་གཞི་ཁྱོན་ཆེ་བ་ལ་ཞིབ་པར་བལྟས་ཏེ་དཔྱད་ན། འདི་ནི་ཞང་ཞུང་ལྟེ་བའི་མཁར་ཞིག་ཡིན་པ་རྟོགས་ནུས་པ་མ་ཟད། དེའི་རྒྱལ་རབས་རྣམས་ཀྱི་སྐབས་སུ་དོགས་ཟོན་གྱི་རང་བཞིན་དང་དམག་འཁྲུག་མང་པོ་བྱུང་གི་ཡོད་པ་ནི་བལྟས་པ་ཙམ་གྱིས་ཧ་གོ་བར་ནུས་ཤིང། དེ་ལྟར་་མཁར་གདོང་གི་གནའ་ཤུལ་འདི་མི་ལོ་གཅིག་ཁྲི་བདུན་སྟོང་གི་གོང་ནས་སྤྱི་ལོའི་དུས་རབས་བདུན་པའི་བར་གྱི་གནའ་ཤུལ་ཤ་དག་ཡིན། ཚན་རིག་ཆེད་མཁས་པ་ཚོས་བཤད་པ་ལྟར་ནས་གནའ་ཤུལ་འདི་ནི་སྤྱི་ལོའི་དུས་རབས་བདུན་པའི་ཚུན་ལ་སུ་གཅིག་སྡོད་མྱོང་མི་འདུག་ཞང་ཞུང་གི་གནའ་ཤུལ་གསོན་པོ་རེད་འདུག ཅེས་བརྗོད་བཞིན་འདུག་གོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་འབྱུང་ལྡན་སུམ་བརྒྱ་ཉག་མ་སུམ་ཅུ་སོ་བཞི་སྟེ་བོད་མེ་བྱ་ལོའི་ཟླ་དང་པོ་ལོ་གསར་ཚེས་གཅིག་ལ་སྤེལ་བའོ།། ༢༠༡༧/༢/༢༧ཉིན ཐ་ཚན་མུ་ཙུག་སྨར་རོོ།།
ཞང་ཞུང་མཐའ་འཁོར་གྱི་ཡུལ་ཆེན་བཅོ་བརྒྱད་ནི་ཇི་སྐད་དུ། ལུང་ལས།
ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་འདི་རྣམས་ཀྱི་རིང་ལ་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་སོགས་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་། དེ་རྣམས་སྐུ་ཚེ་ཡང་་ལོ་སྟོང་ཕྲག་བར་དུ་བཞུགས་པ་དང་། ཕུང་བོ་ལྷག་མེད་དུ་སངས་རྒྱས་པ་ཡང་ཡོད་པའོ། །ཞེས་གསུངས་དེའོ།
ཞིབ་པར་འདིར་གནོན།http://mp.weixin.qq.com/s/0ZiCwB1mVtxyDmVM36eOhg