ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་ཞུང་མུ་ལ་ཙ་མེད་ཀྱི་སྐོར་ལ་དཔྱད་པ་ཞེས་པར་མཆན་ཞིག་སྤྲིང་པ།
[ 2017/3/10 11:20:00 | By: shangshung ]
 

ཡབ་བདུད་འདུལ་གསང་དྲག་ཡི་དམ་དབལ་ཆེན་གེ་ཁོད་དང་།   ཡུམ་མཁའ་དབྱིངས་ཀྱི་གཙོ་མོ་སྒྲ་བླའི་རྒྱལ་མོ་མུ་ཙ་མེད།   

ཞང་ཞུང་མེ་རི་གེ་ཁོད་ཀྱི་བཀའ་སྲུང་གྱད་ཀྱི་སྐུ་མཆོག་དམར་པོའམ་གངས་རིའི་ལྷ་བཙན་ཐོག་མདའ་མེ་འབར་གཙོས་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་བཀའ་སྲུང་གཙོ་བོ་རྣམས།  

ཞང་ཞུང་ལྷ་རིགས་ཡེ་ཤེས་པ་མཁའ་དབྱིངས་ཀྱི་གཙོ་མོ་ལྷ་སྒྲ་བླའི་རྒྱལ་མོ་མུ་ལ་ཙ་མེད་ནམ་མཁའི་ཁྲོ་མོ་ཉི་མའི་འོད་དང་།    བཀའ་སྲུང་སྒྲ་བླའི་རྒྱལ་མོ་ཕུང་བྱེད་ནག་མོ་སྟག་རི་རོང་དང་།།  སྒྲ་བླ་མུ་ཙ་མེད་དམ་སྲིན་མོ་མུ་ཙ་མེད་སྲོག་ལ་རྔམས་པའི་སྐོར་སོ་སོའི་དབྱེ་བ་དང་འབྲེལ་བའི་སྒོ་ནས་གསལ་བཤད་ཅུང་ཙམ་ཞུ་བར་འདོད་པ་ཡིན།   

དང་པོ་ཡེ་ཤེས་པ་མཁའ་དབྱིངས་ཀྱི་གཙོ་མོ་སྒྲ་བླ་རྒྱལ་མོ་མུ་ལ་ཙ་མེད་ནམ་མཁའི་ཁྲོ་མོ་ཉི་མའི་འོད་དང་།   བཀའ་སྲུང་སྒྲ་བླའི་རྒྱལ་མོ་སྟག་རི་རོང་གཉིས་པོ་སོ་སོར་ཡིན་པ་ནི།    གེ་ཁོད་རྟེན་འཛུགས་ལས།    བསྭོ་བདུལ་འདུལ་དབལ་ཆེན་གེ་ཁོད་བསང་།   ཡུམ་ཆེན་མུ་ལ་ཙ་མེད་བསང་།   ཞེས་དང་།    གེ་ཁོད་གསང་དྲག་གི་སྒྲུབ་གཞུང་ལས།   ཨེ་དེ་དང་མཉམ་པའི་ཁྲོ་མོ་ནི།  སྒྲ་བླའི་རྒྱལ་མོ་མུ་ཙ་མེད།   ནམ་མཁའི་ཁྲོ་མོ་ཉི་མའི་འོད།   ཅེས་དང་།      གེ་ཁོད་བསྐང་བ་རིན་ཆེན་འཕྲུལ་མདོས་ལས།   བསྭོ་ཡབ་ཡུམ་ཐབས་ཤེས་རྫུ་འཕྲུལ་ལས།   དྲག་པོའི་ལྷ་རྒོད་འཁོར་འདས་སྤྲུལ།    དབལ་ཆེན་གེ་ཁོད་རྔམ་པའི་སྐུ།  ཞེས་དང་།  དེ་དང་གཉིས་མེད་ཁྲོ་མོ་ནི།   སྒྲ་བླའི་རྒྱལ་མོ་མུ་ཙ་མེད།   སྐུ་མདོག་དམར་མོ་བྱི་རུའི་འོད།   ཅེས་སོགས་སྒྲ་བླའི་རྒྱལ་མོ་མུ་ལ་ཙ་མེད་ནམ་མཁའི་ཁྲོ་མོ་ཉི་མའི་འོད་ནི་དབལ་ཆེན་གེ་ཁོད་ཀྱི་ལྕམ་མམ་ཡུམ་ཡིན་པ་དང་།   དེ་ལྟར་ཡི་དམ་མགོན་པོ་རྣམ་གསུམ་ཡབ་ཡུམ་སོགས་འཁོར་དུ་སྤྲུལ་པའི་གེ་ཁོད་ཡབ་ཡུམ་རྣམས་དང་སྒོ་བ་དང་བཅས་ཀྱི་སྐུ་བསྟོད་པའི་འཇུག་ཏུ་དེ་ནས།     སྒྲ་བླའི་རྒྱལ་མོ་མཐུ་མོ་ཆེ།    ཞེས་དང་། མ་བདུད་རྒྱལ་མོ་ཆུད་ཁམས་།  ཞེས་དང་།   སྟག་རི་རོང་གི་ཐུགས་དམ་བསྐང་།   ཞེས་སོགས་བཀའ་སྲུང་རྣམས་འཁོད་འདུག་པས་སྟག་རི་རོང་ནི་དེའི་བཀའ་སྲུང་ཡིན་པ་ཞལ་གསལ་བར་གསུངས་པ་དང་།   ད་དུང་སྒྲ་བླའི་རྒྱལ་མོ་སྟག་རི་རོང་གི་ལོ་རྒྱུས་ཆ་ཚང་ཞལ་གསལ་འཁོད་པ་ནི།   གེ་ཁོད་གསང་བ་དྲག་ཆེན་གྱི་བཀའ་ཉན་ནག་མོ་ཐུགས་ཀྱི་གསང་སྒྲུབ་ཅེས་པ་ནས།   སྔོན་ཞང་ཞུང་གི་ཡུལ་ཧ་རི་ནག་པོར་གནོད་སྦྱིན་གྱི་རྒྱལ་པོ་སྟོང་ཕུ་ཝེར་དང་།   སྲིན་མོ་འདོད་ཆགས་ཀྱི་གཙོ་མོ་ཁྲག་གི་རལ་པ་ཅན་ཞེས་བྱ་བའི་བུ་མིང་པོ་བརྒྱད་དང་སྲིང་མོ་གདུག་པའི་གནོད་སྦྱིན་བུ་མོ་བཅས་དགུ་རུ་བྱུང་བ་དང་།   བུ་མོ་མི་སྲུན་གཏུམ་མོར་གྱུར་བ་སོགས་ཤིན་ཏུ་སྡུག་ཅིང་བསྔལ་བའི་མཐར།  དེས་གཡའ་དང་གངས་མཚམས་སུ།   ཨ་ཏི་མུ་ཝེར་བསྒོམ།   ཞང་ཞུང་ནག་མོ་སྒྲུབ་པས་ཡེ་ཤེས་མ་མོ་འགྲུབ་ཅིང་སྲིང་མོ་ཉིད་ནི་དུག་མཚོ་ནག་མོ་མུ་ལེ་ཧེད་ཀྱི་ནང་དུ་མེ་ཆེན་མོ་ཆེན་མོ་གཅིག་ཏུ་བརྫུས་པ་དང་།   ཞང་ཞུང་གི་བོན་པོ་ལི་མུར་གཙུག་ཕུད་དེས་བུད་མེད་དེའི་རང་རྟགས་སྲོག་སྙིང་དྲངས་ཤིང་ལས་ཀྱི་མ་མོ་སྲིད་པ་དབང་བསྒྱུར་ནུས་པའི་ཕུང་བྱེད་ནག་མོ་སྟག་རི་རོང་ཞེས་པ་སོགས་ལོ་རྒྱུས་ཀྱི་སྐོར་དང་།   དེའི་སྒྲུབ་པ་དང་བཅས་སོགས་དབུ་ལྡེབ་ནས་འཇུག་གི་བར་དུ་དབུ་མེད་བྲིས་མ་ཤོག་ལྷེ་བཅུ་གཅིག་ཙམ་འདུག་པས་དེའི་ནང་དུ་ཞལ་གསལ་བར་འདུག་པ་དེར་གཟིགས་ཤིག།   ཡང་བཀའ་སྲུང་སྒྲ་བླའི་རྒྱལ་མོ་སྟག་རི་རོང་དང་།   སྒྲ་བླ་མུ་ཙ་མེད་གཉིས་པོ་ནི་སོ་སོར་ཡིན་པ་ནི།   གེ་ཁོད་བསྐང་བ་ལས།    མུ་ཙ་མེད་དང་སྟག་རི་རོང་།   ཞེས་དང་།     བསྟན་སྲུང་མ་མོའི་བཀའ་བསྒོ་ལས།   མ་ལྟར་བྱམས་པའི་མུ་ཙ་མེད།   སྲིང་ལྟར་གདུང་བའི་སྒྲ་བླ་མོ།    གྲོགས་ལྟར་བརྩེ་བའི་སྟག་རི་རོང་།   སོ་སོར་གསུངས་པས་མདོར་ན་གེ་ཁོད་སྒྲུབ་སྐོར་གཅིག་བུའི་ནང་དུ་ཡེ་ཤེས་མཁའ་དབྱིངས་ཀྱི་གཙོ་མོ་སྒྲ་བླའི་རྒྱལ་མོ་མུ་ལ་ཙ་མེད་དང་།   བཀའ་སྲུང་སྟག་རི་རོང་།   མུ་ཙ་མེད་ཀྱི་སྐོར་འཁོད་པ་མང་བས་ཞིབ་པར་གཟིགས་གནང་དང་དེ་གཅིག་བུས་སོ་སོའི་དབྱེ་བ་གསལ་པོར་མཁྱེན་ངེས་སུ་འདུག་པ་གོ་བ་ཅན་ཞིག་ཡིན་ནས་འདིར་དེ་ཙམ་གྱིས་མཐུན་ནུས་མོད།     

ད་དུང་འདིའི་སྐོར་ཁ་གསལ་བྱེད་པར་དགོས་པ་ཆེན་པོ་འདུག་ནས་གལ་ཆེའི་དཔེ་ཆ་ཡ་ཟུང་ལུང་འདྲེན་བྱ་བ་ལ།  མ་མོ་ཡང་སྙིང་གི་རྒྱུད་ལས།  སྐུ་གསུང་ཐུགས་ལྷུན་གྱིས་གྲུབས་པའི་རྟགས།   ཡུམ་ཀུན་ཏུ་བཟང་མོ་དང་།   བ་ག་ཀློང་ཆེན་དང་།  མུ་ལ་ཙ་མེད་དང་།   ཞེས་དང་།   ཡུམ་སྲིད་པའི་རྒྱལ་མོའི་ཐུགས་ཀུན་ཏུ་བཟང་མོ་ཡིན་་།   གསུང་བ་ག་ཀློང་ཆེན་་་།    སྐུ་མུ་ལ་ཙ་མེད།  ཅེས་དང་།    རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས་ལས།   ཨོཾ་ཐུགས་ཉིད་ཞི་བའི་ངང་ཚུལ་ལས།   ཐུགས་ཉིད་ཁྲོས་པའི་ཐུགས་རྗེ་ཅན།   གཙོ་མཆོག་མཁའ་འགྱིང་ཡབ་ཡུམ་ལ།   ཕྱག་མཚལ་དང་བས་སྐྱབས་སུ་མཆི།   ཨོཾ་བདུད་བརྩི་ཐིག་པ་ལྟ་བུ་ཀུན་ལ་སྨན་པ་མཛད།   ཕྱི་ནང་ཀུན་གྱི་དུག་ཆེན་ཞི་མཛད་མ།   མ་ཅིག་ལྷ་མོ་ཁྱེད་ལ་སྐྱབས་སུ་མཆི།   ཤར་བའི་ཉི་མས་མུན་པ་བསྲོས་པ་ལྟར།   ཐུགས་རྗེས་ཀློང་རྣམས་ཚར་གཅོད་སྒྲོལ་མཛད་མ།   བ་ག་ཀློང་ཆེན་ཁྱོད་ལ་སྐྱབས་སུ་མཆི།   ས་དང་ཆུ་དང་མེ་དང་རླུང་།   ནམ་མཁའ་ལས་བྱུང་ཀློང་ལ་དབང་བསྒྱུར་མ།   མུ་ལ་ཙ་མེད་ཁྱོད་ལ་སྐྱབས་སུ་མཆི།   ཞེས་གསུངས་པ་སོགས་སྲིད་རྒྱལ་དྲེའུ་དམར་གྱི་རྒྱུད་འགྲེལ་སྒྲུབ་སྐོར་སོགས་ལ་དེ་ལྟར་ཡེ་ཤེས་པའི་ལྷ་གཙོ་མོ་གསུམ་གྱི་ནང་ཚན་མུ་ཙ་མེད་ཡོད་པ་དང་ད་དུང་དེའི་སྐོར་རྒྱ་ཆེན་བཞུགས་འདུག་གོ།      གངས་རིའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག་ལས།   དེ་ལྟར་དུ་ཡང་ཡེ་ཤེས་རྫུ་འཕྲུལ་ལས་བཞི་རུ་སྲིད་པ་ནི། གངས་ཏི་སེ་ནི་ཡེ་ཤེས་ལ་གྲུབ་པའི་རི། གངས་ཏི་ཆུང་ནི་རྫུ་འཕྲུལ་ལས་གྲུབ་པའི་རི། གཡུང་དྲུང་སྤུངས་པ་ནི་ལས་ལ་གྲུབ་པའི་རི། མེ་ལྷ་རི་ནི་འཇིག་རྟེན་ལས་གྲུབ་པའི་རི། མཚོ་མ་པང་ནི་ཡེ་ཤེས་ལ་གྲུབ་པ་མུ་ལ་ཙ་མེད་ཀྱི་གནས། སྟག་རི་ཁྲ་བོ་ནི་རྫུ་འཕྲུལ་ལ་གྲུབ་པ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་གི་གནས། མུ་ལེ་མཚོ་ནི་ལས་ལ་གྲུབ་པ་རྒྱུད་སྲུང་མ་མོའི་གནས། དུག་རི་ནག་པོ་འཇིག་རྟེན་ལ་གྲུབ་པ་ཕུང་བྱེད་ནག་མོའི་གནས། ཞེས་ཡེ་ཤེས་དང་།   རྫུ་འཕྲུལ།   ལས།  འཇིག་རྟེན་ལས་གྲུབ་པ་ཞེས་དབྱེ་བ་མི་འདྲ་བ་རིམ་པ་བཞི་ཙམ་གསུངས་པ་དང་།  སྲིད་པའི་མཛོད་ཕུག་གི་ལྷ་འགྲེལ་ལས།     དེ་གཉིས་ནི་ལྷན་ཅིག་སྐྱེས་པའི་ལྷ་དང༌། ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་སྟེ། དོན་ལ་ལས་དགེ་སྡིག་གཉིས་སུ་ཤེས་པར་བྱའོ། །མཁའ་ལ་དུང་གི་སྒོང་གཅིག་སྲིད། སངས་པོ་ཡབ་ནི་དེ་ལས་སྲིད། ཅེས་བྱ་བ་ནི། ནམ་མཁའ་སྟོང་པ་ལས་དུང་གི་སྒོ་ང་གཅིག་སྤྱི་མཐུན་ལས་ལས་སྲིད་དོ། །སངས་པོ་ཡབ་ནི་བྱ་བ་ནི། སྲིད་པ་ཡབ་ཀྱི་སྤྱི་མྱེས་དེ་ལ་བྱའོ། །ཕོ་ཡི་ཆ་འཛིན་པའི་ཡབ་བོ། ཀློང་ལས་གཡུ་མཚོ་སྔོ་ལས་སྒོང༌། མཚོ་དབུས་སྒོ་ང་གཅིག་སྲིད་པ། ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ། ཅེས་བྱ་བ་ནི། ནམ་མཁའ་དག་པའི་དབྱིངས་ཀློང་ངོ་། ཀློང་དེ་ལས་གཡུ་མཚོ་སྔོན་མོ་གཅིག་སྲིད། དེ་ལས་གཡུ་ཡི་སྒོ་ང་གཅིག་རང་སྲིད། དེའི་ནང་ནས་སྲིད་གཅིག་བྱུང་བ་ནི། ཆུ་ལྕམ་ལྕགས་ཀྱི་རྒྱལ་མོ་ཡིན་ཏེ། སྲིད་པའི་ཕྱི་མོ། མོའི་ཆ་འཛིན་པས་ཡུམ་མོ། །དེ་གཉིས་ནི་སྲིད་པ་སྔ་བར་ཡིན་ནོ། །སངས་པོ་ཆུ་ལྕམ་གཉིས་སྲིད་པས། ཞེས་དང་དེ་ནས།   དབལ་ནི་ལྕམ་དྲལ་བཅུ་དྲུག་སྲིད།ཅེས་བྱ་བ་ནི། དབལ་སོ་བརྒྱད་ལ། དབལ་སོ་རྣོན་པོ་དང༌། དབལ་དགྲ་ལས་རྒྱལ་བ་དང༌། དབལ་དྲི་འདུལ་བ་དང༌། དབལ་རྒོད་འདུལ་ཆེན་པོ། དྲག་པོ་ཛྭོ་དབལ་དང་མེ་དབལ་ཀུན་སྲེག་དང༌། ཆུ་དབལ་རྦ་དྲག་དང༌། དྲག་པོ་བདུད་འདུལ་གྱི་དབལ་དང་བརྒྱད་དོ། །དབལ་མོ་བརྒྱད་ལ། དབལ་སོ་ཡ་མ་དང༌། དབལ་རྒོད་འཕུར་བ་དང༌། སྒྲ་བླའི་རྒྱལ་མོ་དང༌། སྨན་བླ་དད་འདུལ་དང༌། རྟག་པོས་བདུད་འདུལ་མ་དང༌། དབལ་གྱི་ཀུན་གཅོད་མ་དང༌། དབལ་དྲི་འདུལ་མ་དང༌། ཁྱབ་བྱེད་དབལ་གྱི་རྒྱལ་མོ་སྤྲུལ་པ་སྟོང་དང་ལྡན་མ་དང་བརྒྱད་དོ།  ཞེས་དང་དེ་ནས།  མེད་ཁམས་སྟོང་པའི་རྒྱལ་པོ་དང༌། མུན་ནག་འཐིབས་པའི་བཙུན་མོ་བཤོས། ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང༌། ཞེས་བྱ་བ་ནི། མེད་ཁམས་སྟོང་པའི་རྒྱལ་པོ་ནི་ལས་སྡིག་པའོ། །དེ་ཡང་དོན་དུ་ཞེ་སྡང་ངོ་། མུན་ནག་འཐིབས་པའི་བཙུན་མོ་ནི་དེའི་གཞི་སྟེ། དོན་དུ་ནི་འདོད་ཆགས་དང་གཏི་མུག་གོ། དེ་ཡི་རྒྱུ་བྱས་ཏེ་སྲིད་པ་ཕྱིན་ཀ་ལོག་སྟེ་འཇིག་རྟེན་ཀུན་རྒྱུ་བའི་ཡི་དྭགས། སྲིད་པས་གནོད་པར་བསྐོས་པའི་ལས་ཅན་ནོ།  ཞེས་དང་།   གནོད་སྦྱིན་མིང་སྲིང་བཅུ་དྲུག་བལྟམས། བྱ་བ་ནི། མིང་པོ་བརྒྱད་ལ། ལེགས་ལྡན་ནག་པོ་དང༌། ནག་པོ་ཆེན་པོ་དང༌། སྤྱི་བདུད་དང༌། རྗེ་བདུད་དང༌། གནམ་བདུད་དང༌། བཙན་བདུད་དང༌། སྲོག་བདག་བདུད་དོ། །སྲིན་མོ་བརྒྱད་ལ།ནག་མོ་ཆེན་མོ་དང༌། ནག་མོ་མིག་དགུ་མ་དང༌། སྨུག་ནག་བདུད་ལེན་མ་དང༌། མུ་ཙ་མེད་སྲོག་ལ་རྔམས་པ་དང༌། གདུག་མོ་རལ་ནག་མ་དང༌། དུད་མོ་ནག་མོ་དང༌། འགོ་འབྱམས་མ་དང༌། རབ་ཏུ་རྐམ་དང་བརྒྱད་དོ།     ཞེས་དབལ་མོ་བརྒྱད་ནི་ལྷན་ཅིག་སྐྱེས་པའི་ལྷ་ཡབ་སངས་པོ་དང་ཡུམ་ཆུ་ལྕམ་རྒྱལ་མོའི་རྒྱུད་ནས་གྲོལ་བ་དང་།   སྲིན་མོ་བརྒྱད་ནི་ལྷན་ཅིག་སྐྱེས་འདྲེ་སྟེ་ཡབ་མེད་ཁམས་སྟོང་པའི་རྒྱལ་པོ་དང་ཡུམ་མུན་ནག་འཐིབས་པའི་བཙུན་མོའི་རྒྱུད་ནས་གྲོལ་ཚུལ་གསལ་བར་གསུངས་པར།     གོང་གི་དབལ་མོ་བརྒྱད་ཀྱི་ནང་མཚན་སྒྲ་བླའི་རྒྱལ་མོ་ཞེས་ནི་མཁའ་དབྱིངས་ཀྱི་གཙོ་མོ་ཡུམ་མུ་ལ་ཙ་མེད་དེ་ཡིན་པར་སེམས་མོད་ད་དུང་དཔྱད་དགོས་པར་འདུག།    སྲིན་མོ་བརྒྱད་ཀྱི་ནང་མཚན།   ནག་མོ་ཆེན་མོ་ཞེས་པ་ནི།   སྟག་རི་རོང་གི་བསྐང་བ་ལས།   བྷྱོཾཿ   ནག་མོ་ཆེན་མོ་འཇིགས་བྱེད་མོ།   སྒྲ་བླའི་རྒྱལ་མོ་སྟག་རི་རོང་།   ཞེས་གསུངས་པས་སྟག་རི་རོང་ཡིན་པས་སོ།   མུ་ཙ་མེད་སྲོག་ལ་རྔམས་པ་ནི།   བཀའ་སྲུང་སྒྲ་བླ་མུ་ཙ་མེད་ལོས་ཀྱང་ཡིན་ནོ།   གཞན་ཡང་ཆོས་འབྱུང་མེ་ཏོག་སྦྲང་རྩིའི་ལས།    ལ་ངག་གི་དོ་བཙན།   སྨན་གྱི་རྒྱལ་མོ་ནགས་ཉིལ།   ལེ་ནག་སྨན་གྱི་རྒྱལ་མོ།   ཚོན་ཕུར་བཞིའི་ལྷ་མོ།   དགྲ་ལྷའི་རྒྱལ་མོ་སྟག་རི་རོང་།   སྲིད་པའི་རྒྱལ་མོ་མུ་ཙ་མེད་ལ་སོགས་པ།   ཞེས་ཀྱང་གསུངས་པས་སོ།   

བཀའ་སྲུང་སྒྲ་བླའི་རྒྱལ་མོ་སྟག་རི་རོང་།   

དེ་ལྟར་ལྷ་སྲུང་རྣམས་ནི་སྤྱི་དང་བྱེ་བྲག་གཙོ་ཕལ་སོགས་ཀྱི་དབྱེ་བ་ཕྱེ་རྒྱུ་དང་འབྱེད་རྒྱུ་ཤེས་དགོས་པ་ནི་ཧ་ཀྱང་གལ་ཆེན་ཞིག་ཡིན་ཏེ།    དཔེར་ན་སྲིད་པ་རྒྱལ་མོ་ཞེས་པའི་མིང་ལྟ་བུར་ཆ་བཞག་ནས།    གོང་གི་སྲིད་རྒྱལ་གཙོ་མོ་གསུམ་དང་།  ཞི་རྒྱས་དབང་དྲག་ཡུམ་བཞི།   དབྱིངས་ཀྱི་ཡུམ་དྲུག   ཀློང་གི་མ་མོ་བཅུ་གཉིས།   མཁའི་དབལ་མོ་ལྔ་བཅུ་རྩ་བརྒྱད།     འབྱུང་བཞི་ཁྲོ་མོ་བཞི།  རྫུ་འཕྲུལ་སྨན་བཞི།   བྱ་ར་མ་གསུམ།  དུས་དྲུག་མ་མོ།        ལས་ཀྱི་དབལ་མོ་ཉེར་བདུན།   ཐུགས་སྤྲུལ་མ་བདུད་ནག་མོ།   ཡང་སྤྲུལ་བསྟན་མ་བཅུ་གཉིས།   དུར་ཁྲོད་སྒོ་མ་བཞི།   ཡེ་ཤེས་ཀྱི་མ་མོ་དགུ་ཁྲི་དགུ་འབུམ།   རྫུ་འཕྲུལ་མ་མོ་དགུ་ཁྲི་དགུ་འབུམ།   ལས་ཀྱི་མ་མོ་དགུ་ཁྲི་དགུ་འབུམ་སོགས་ལས་བྱེད་མ་མོ་དང་སྨན་མོ་དང་བདུད་མོ་དང་གནོད་སྦྱིན་མོ་དང་སྲིན་མོའི་ཚོགས་དང་བཅས་པའི་སྲིད་པའི་རྒྱལ་མོའི་མིང་དང་འབྲེལ་བ་ཐམས་ཅད་ནི།     སྲིད་པའི་རྒྱལ་མོ་ཡེ་ཤེས་དང་རྫུ་འཕྲུལ་དང་ལས་དང་འཇིག་རྟེན་ལ་གྲུབ་པའི་སྤྲུལ་པ་ཡང་སྤྲུལ་བཅས་པ་ཡིན་པར་གསུངས་མོད་དོན་དུ་དབྱེ་བ་སོ་སོར་ཡོད་པ་བཞིན་ཏུ།    སྒྲ་བླའི་རྒྱལ་མོ་ལའང་ཡེ་ཤེས་ཀྱི་དབལ་མོ་ཤེལ་ཟ་མུ་ཏིང་འཕྲུལ་མོ་ཆེ་དང་།   སྒྲ་བླའི་རྒྱལ་མོ་མུ་ལ་ཙ་མེད་ནམ་མཁའི་ཁྲོ་མོ་ཉི་མའི་འོད་དང་དེའི་སྤྲུལ་པ་ནམ་མཁའི་དབྱིངས་ཀྱི་འཕྲུལ་མོ་ཆེ་དང་།   ལས་ཀྱི་ལྕམ་མོ་མཆེད་གསུམ།  ས་རླུང་མེ་ཆུའི་རྒྱལ་མོ་བཞི་དང་།   སྒོ་མ་བཞི་སོགས་ཡིད་དམ་དབལ་ཆེན་གེ་ཁོད་ལྷ་ཚོགས་རྣམས་ཀྱི་ཡུམ་རྣམས་དང་།    བཀའ་སྲུང་ལའང་སྲིད་པའི་མ་མོ་སྔགས་བདག་སྒྲ་བླའི་རྒྱལ་མོ་ནག་མོ་སྟག་རི་རོང་སོགས་དེའི་སྤྲུལ་པ་ཕྱོགས་བཞི་མ་བདུད་དང་གནོད་སྦྱིན་མོ་སྲིན་མོ་འབྲོག་མོ་སོགས་མ་མོ་བཞི་དང་།   དབང་ཕྱུག་སྨུག་མོ་སྟག་རི་རོང་སོགས་སྟག་རི་རོང་བཞི།   སྒྲ་བླ་མུ་ཙ་མེད་དང་།   བཀའ་སྡོད་མ་མོ་བཅུ་གཅིག   དམག་དཔོན་མ་གསུམ།   ཕྱོགས་བཞིའི་མ་མོ་བཞི།  མཚོ་བཞིའི་བུད་མེད་བཞི།  ཆུ་བཞིའི་ལྕམ་མོ་བཞི།   དུས་དྲུག་མ་མོ་གནམ་སྨན་གངས་སྨན་གཡའ་སྨན་སོགས་སྨན་མོ་དགུ།   དུན་ཟ་ནག་མོ་རལ་གཅིག་སོགས་ཡུལ་གྱི་མ་མོ་བདུན།   ཕུང་བྱེད་ལས་ཀྱི་རྒན་མོ་དགུ    འབྱུང་བ་ལྔ་ཡི་བདག་མོ་དགུ   བསྐལ་པའི་མ་མོ་བརྒྱད།   དུར་ཁྲོད་མ་བཞིའི་སྲོག་གཅོག་བཞི།   སྐྱེ་འགྲོ་སྒྲོལ་བའི་ལས་མཁན་བརྒྱད་སོགས་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས་སྒྲ་བླའི་རྒྱལ་མོའི་མིང་དང་འབྲེལ་མོད་དེ་རྣམས་ཡེ་ཤེས་དང་རྫུ་འཕྲུལ་དང་ལས་དང་འཇིག་རྟེན་བཅས་དབྱེ་བ་སོ་སོར་ཕྱེ་རྒྱུ་ཡོད་པ་ནི་ངེས་དགོས་སོ།།   དེ་ལྟར་མིན་ན་ཡེ་ཤེས་མཁའ་དབྱིངས་ཀྱི་ཁྲོ་མོ་ཡང་དམ་ལ་བཏག་དགོས་པར་འགྱུར་འགྱུར་ཏེ།    སློབ་དཔོན་པད་མས་དགྲ་བླ་མུ་ཙ་མེད་དམ་ལ་བཏགས་པའི་ཕྱིར་སོགས་དེ་ལྟ་བུའི་སྐྱོན་གྱི་ཕུང་པོ་ཕ་མཐའ་ཡས་པའི་ཕྱིར་རོ།   མ་ཟད་བོན་པོས་སྒྲ་བླའི་རྒྱལ་མོ་སྟག་རི་རོང་ཡང་གུ་རུ་རིན་པོ་ཆེས་དམ་ལ་བཏག་མ་ཐུབ་པའི་བཤད་སྲོལ་ཡོད་པ་དེ།   རྒྱལ་བ་བྲུའི་རིང་ལུགས་ཀྱི་སྒྲ་བླ་མའི་བཀའ་སྐྱོང་བསྐུལ་པའི་དབུ་ནས་ཏིང་འཛིན་གསལ་བ་ལྟར་དེ་ཡིན་པར་ཤོད་པས་སོ། 

འཛམ་གླིང་གནས་ཀྱི་རྒྱལ་པོ་གངས་དཀར་ཏི་སེ་དང་།   སྟག་རི་ཁྲ་བོའམ་སྨན་མོ་ནག་ཉིལ་སོགས་ཞང་ཞུང་དབུས་ཀྱི་ཡུལ་ལྗོངས།  

དཔྱད་སྡོམ་ནི།   ཞང་ཞུང་གཡུང་དྲུང་བོན་གྱི་བླ་རི་གངས་དཀར་ཏི་སེ་ནི་ཡི་དམ་མགོན་པོ་རྣམ་གསུམ་གྱི་བྱིན་གྱིས་བརླབས་པའི་གནས་རི་དང་།   བཀའ་སྲུང་གྱད་ཀྱི་སྐུ་མཆོག་དམར་པོ་དང་།   ཡུལ་ལྷ་གངས་དཀར་ཏི་སེ་སོགས་དེའི་གནས་སྲུང་ཡིན་ཞིང་།    བླ་མཚོ་གཡུ་མཚོ་དང་སྟག་རི་ཁྲ་བོའམ་སྨན་མོ་ནག་ཉིལ་གངས་ནི་ཡེ་ཤེས་མཁའ་དབྱིངས་ཀྱི་གཙོ་མོ་ཡུམ་སྒྲ་བླའི་རྒྱལ་མོ་མུ་ལ་ཙ་མེད་ནམ་མཁའི་ཁྲོ་མོ་ཉི་མའི་འོད་སོགས་ཀྱི་བྱིན་གྱིས་བརླབས་པའི་གནས་རི་དང་།    དེའི་བཀའ་སྲུང་གནམ་སྨན་གནམ་ཕྱི་གུང་རྒྱལ་མ་དང་སྒྲ་བླའི་རྒྱལ་མོ་སྟག་རི་རོང་ནི་དེའི་གནས་སྲུང་ཡིན་པར་འདོད་དོ།  མདོར་ན་བོན་གྱི་ཡིག་ཆ་ཁག་ཏུ་འདི་ཚོའི་སྐོར་འཁོད་པ་མང་མོད་འདིར་ཡིག་ཚོགས་མང་བར་དོག་པ་གོང་གི་ལུང་ཚིག་རྣམས་ལས་ཞལ་གསལ་དུ་གསུངས་ཡོད་པ་ནི་སྤྱན་གྱིས་གཟིགས་ཏེ་ཐུགས་ལ་ཡང་ཡང་དུ་ངེས་པར་གྱིས་ཤིག།  བཀའ་སྲུང་སྒྲ་བླ་མུ་ཙ་མེད་ཀྱི་གནས་ནི་བན་ཤུལ་དཔལ་མཁར་རྒྱལ་གྱིས་མང་ཡུལ་མང་པོ་གཡུ་རི་ཞེས་འབོད་པའི་གནས་དེ་ཡིན་པའི་ཤོད་སྲོལ་འདུག་ཅེས་པ་དེ་བདེན་ཤས་ཆེན།   ཡང་གངས་དཀར་ཤ་མེད་དང་སྒྲ་བླ་མུ་ཙ་མེད་གཉིས་པོའང་གཅིག་པ་ཡིན་དཀའ་སྟེ། བསྟན་པ་གཅུ་གཉིས་ཚང་མ་སྨན་མོའི་རིགས་ཡིན་པ་དང་མུ་ཙ་མེད་ནི་མ་མོའམ་སྲིན་མོའི་རིགས་ཡིན་པ་མ་ཟད་ལོ་རྒྱུས་ཀྱང་སོ་སོར་ཡོད་པས་སོ།།

འཇུག་ཏུ་དཔྱད་མཆན་འདི་འབྲི་དགོས་པའི་རྒྱུ་མཚན་ཏོག་ཙམ་གླེང་བར་འདོད་དོ།    གཡུང་དྲུང་བོན་གྱི་གྲྭ་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་གི་(བོན་སྒོ)ཞེས་པའི་དུས་དེབ་ཀྱི་འདོན་ཐེང་ཉེར་བདུན་པའི་ནང་དུ།   བོད་ཀྱི་གཞོན་སྐྱེས་ལོ་རྒྱུས་ཉམས་ཞིབ་ལ་མཁས་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་༢༠༡༥ལོའི་པེ་ཅིང་རྒྱལ་སྤྱིའི་ཞང་ཞུང་རིག་གནས་སྐབས་དང་པོའི་ཚོགས་འདུ་ཐོག་ཏུ་སྤེལ་བའི་{ཞང་ཞུང་མུ་ལ་ཙ་མེད་ཀྱི་སྐོར་ལ་དཔྱད་པ།}ཞེས་པའི་དཔྱད་གཏམ་དེ་བཀོད་འདུག་ཅིང་དེ་ལ་ཁ་གསལ་གྱི་ཚུལ་དུ་དཔྱད་མཆན་གྱི་ཚུལ་དུ་འདི་བྲིས་པ་ཡིན།    དེའང་གོང་གི་ཚོགས་འདུ་དེ་མ་འཚོགས་སྔོན་ཙམ་ཞིག་ལ་བན་ཤུལ་དཔལ་མཁར་རྒྱལ་གྱིས་སྐད་འཕྲིན་བར་སྟོང་ནང་དུ་ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་སྐོར་ཞིག་གཏོང་འདུག་པར།   ཁོ་བོས་དེའི་ཚིག་རྣམས་ཇི་བཞིན་ད་ལྟ་ཡིད་ལ་མེད་མོད།   མདོར་ན་སློབ་དཔོན་པདྨའི་བཀའ་ཐང་སོགས་ཆོས་འབྱུང་ཁག་ལ་ཞང་ཞུང་མུ་ཙ་མེད་ནི་ཞང་ཞུང་ངམ་བོན་གྱི་སྲུང་མ་རྩ་ཆེན་ཡིན་པར་འཁོད་མོད་ཀྱང་།   བོན་གྱི་ལོ་རྒྱུས་སམ་ཡིག་ཆ་ཁག་ལ་དེའི་སྐོར་ཁ་གསལ་འཁོད་མེད་རབས་ཤིག་བཤད་འདུག    ཁོ་བོས(བོན་པོའི་མི་ཞིག་ཡིན་ཚུན་ཆད་མུ་ལ་ཙ་མེད་མི་ཤེས་མཁན་གཅིག་ཡོད་ཀྱིན་མ་རེད)ཅེས་མཆན་དུ་བཏབ་པ་ཡིན།   ཁོས་ལམ་སང་སྒེར་ཐོག་ཏུ་འབྲེལ་ཏེ་ཁོ་བོར་དེའི་སྐོར་ཡོད་ན་ཁུར་ཤོག་གམ་མཁོ་འདོན་བྱེད་དགོས་ཞེས་ལབ་བཞིན་འདུག    ཁོ་བོས་དེའི་སྐོར་ཤེས་ཚོད་ཙམ་མཁོ་འདོན་བྱེད་དགོས་སྙམ་བྱུང་དེ།   ཁོས་བོན་གྱི་ལོ་རྒྱུས་ལ་མུ་ལ་ཙ་མེད་ཀྱི་སྐོར་མེད་རབས་ལབ་འདུག་པས།   དེ་ལ་ཧ་ཀྱང་ཡ་མཚན་སྐྱེས་བྱུང་བས་དང་ཐོག་ཁོ་བོས་དྲི་བ་ཞིག་གཏོང་དགོས་སེམས་ཏེ་(མཁས་དབང་ཞིག་གིས་དེ་ལྟར་ཤོད་དགོས་པའི་རྒྱུ་མཚན་ཅི་ཡིན།)ཞེས་དྲིས་པ་ཡིན།   ཁོང་ནི་དཔེ་མེད་མཁས་པ་ཡིན་པའི་སྣང་བ་དེས་ངོས་གཉིས་ཕན་ཚུན་དྲི་བ་དྲི་ལན་ཡ་ཟུང་གི་འཇུག་ཏུ་ཁོང་གིས་སྐད་འཕྲིན་ནང་དུ་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་ཁོ་བོའི་སྐད་འཕྲིན་ནག་བསུབས་གཏོང་སོང་བས་ཁོ་བོས་མུ་ཙ་མེད་ཀྱི་སྐོར་ཁོང་ལ་མཁོ་འདོན་བྱེད་སར་རག་མ་བྱུང་།       དེའི་རྗེས་སུ་༢༠༡༥ཟླ་༩པར་གོང་གི་པེ་ཅིང་རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཚོགས་འདུའི་སྐབས་སུ་ཁོང་གིས་{ཞང་ཞུང་མུ་མེད་ཀྱི་སྐོར་པ་དཔྱད་པ།}ཞེས་པའི་དཔྱད་གཏམ་སྒྲོགས་སྦྱང་གནང་སོང་།   དེ་སྐབས་སུ་བོན་གྱི་ལོ་རྒྱུས་ནང་དུ་གསལ་བའི་མུ་ལ་ཙ་མེད་ཀྱི་སྐོར་ཁ་ཤས་བཀོད་གྲུབ་འདུག་པར།   ཧེཧེ་ཡར་རྒྱས་རེད་སྙམ།   ཁོ་བོས་དེ་སྐབས་སུ་དམིགས་གསལ་དྲི་བ་དང་གསལ་བཤད་གང་ཡང་གཏོང་ནུས་མ་བྱུང་།   ད་ལན་འདིར་གཡུང་དྲུང་བོན་གྱི་གྲྭ་ས་ཆེན་མོ་སྨན་རི་དགོན་པའི་དུས་དེབ་བོན་སྒོའི་འདོན་ཐེང་༢༧གི་ནང་དུ་(ཞང་ཞུང་མུ་ལ་ཙ་མེད་ཀྱི་སྐོར་ལ་དཔྱད་པ།)ཞེས་དཔྱད་རྩོམ་དེ་ཆ་ཚང་བཀོད་གནང་འདུག་པར་ཁོ་བོས་ཆ་ཚང་ཀློག་པ་ཡིན།   དེ་སྔོན་གྱི་དཔྱད་གཞིའི་ཡིག་རིགས་ཆོས་འབྱུང་ཁག་དང་རྩ་ཆེའི་ཡིག་རྙིང་མང་པོ་ཡོད་པའི་ཁར་བོན་གྱི་ལོ་རྒྱུས་ནང་དུ་དེའི་སྐོར་དཔྱད་གཞིའི་ཡིག་རིགས་མང་པོ་མཁོ་འདོན་གནང་མཁན་བྱུང་བ་དང་དེ་བཀོད་གྲུབ་ཅིང་དཔྱད་རྩོམ་དེར་ཕུན་སུམ་ཚོགས་པོར་བྱུང་འདུག་པས་ཧ་ཀྱང་ཡག་པོ་འདུག་སྙམ་པ་ཡིན།       འོན་ཏང་དེ་ལ་ཡིད་དམ་དང་སྲུང་མའི་དབྱེ་བ་ལྟ་ཅི་སྟག་རི་རོང་དང་མུ་ཙ་མེད་སོ་སོའམ་གཅིག་པ་ཡིན་མིན་ཁ་གསལ་མེད་པའི་ཁར།    བོན་སྒོའི་དུས་དེབ་ཀྱི་ངོས་ཤོག་ཏུ་སྨན་མོ་ནག་ཉིལ་གངས་ཀྱི་པར་རིས་གསུམ་དང་སྒྲ་བླ་སྟག་རི་རོང་གི་པར་རིས་གཉིས་ཙམ་བཀོད་འདུག་པར།    བོན་སྒོ་དུས་དེབ་འདིའི་རྩོམ་སྒྲིག་པས་སྟག་རི་རོང་དང་མུ་ལ་ཙ་མེད་གཉིས་པོ་མིང་གི་རྣམ་གྲངས་ཙམ་ལས་དོན་དུ་གཅིག་པ་ཡིན་པའི་ངོས་འཛིན་ཁ་གསལ་བྱས་འདུག་པས་སོ།      ཁོ་བོ་དེ་ལ་སོ་སོའི་དབྱེ་བ་གསལ་པོ་ཞིག་འབྱེད་མ་ཐུབ་ན་འདིའི་སྐོར་རྒྱུས་མངའ་མེད་པའི་རིགས་ལ་གོ་ནོར་ཆེན་པོ་ཐེབས་སྲིད་པས།   དཔྱད་མཆན་ཁ་གསལ་ཞིག་བྲི་ཐུབ་ནས་མ་འོངས་པར་དེའི་སྐོར་ལ་ཕན་ཐོགས་ཡོང་བར་འདུག་སྙམ་པའི་ལྷག་བསམ་རྣམ་དག་གི་སྒོ་ནས་དཔྱད་མཆན་ཏོག་ཙམ་ཞིག་ཞུས་པ་འདི་ནི་ཁྱེད་རྣམ་པའི་ཐུགས་ལ་འགྲོ་མིན་མི་ཤེས་ཤིང།   དཔྱད་མཆན་འདིར་ཁྱེད་རྣམ་པས་ཕྱིར་ཁོ་བོ་ལ་མུ་ཙ་མེད་ཀྱི་སྐོར་བརྒལ་ལན་སོགས་འདུག་ནས་དེར་ད་དུང་ཡིག་ལན་འབུལ་རྒྱུ་མིན།   རྒྱུ་མཚན་ནི་གོ་བ་ཅན་གྱི་མི་ཚོ་ལ་ཚིག་འདིའི་ཆོག་ས་ཡོད་ལ་སྨན་ངེས་ཡིན།    གོ་བ་ཅན་ཞིག་མིན་ན་མི་ལོ་དགུ་ལ་རྩོད་པ་བྱས་ཀྱང་གོ་བ་མི་སྐྱེ་བ་མ་ཟད་དོན་མེད་རྩོད་པ་འཕེལ་བའི་རྒྱུ་རུ་འགྱུར་བས།   དེ་ལས་གོང་གི་དཔྱད་གཞི་ཡིག་རིགས་རྣམས་ལ་ཞིབ་ལྟས་གྱིས་དང་ཕན་ཐོགས་ཡོང་ངེས་ཡིན་ཞེས་ཞུ་རྒྱུ་ཡིན།།   འོན་ཀྱང་དཔྱད་གཏམ་དེར་ཞང་ཞུང་སྐོར་བཤད་སྐབས་སུ་(ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས་)ཞེས་པ་ཇི་བཞིན་གྱི་ཞང་ཞུང་གི་རྒྱལ་རབས་དང་མི་སྣའི་རུས་ཁུངས་སོགས་གཞི་འཛིན་ས་འདི་གཅིག་བུའི་ཆོག་པར་བྱས་འདུག་པར།     དེ་ལ་ཁ་གསལ་ཞིག་འདི་མཉམ་པོ་འབུལ་འདོད་པ་ཡིན་མོད་འགྲེལ་བཤད་སོགས་ཡིག་ཚོགས་མང་དྲག་ནས་སྐད་འཕྲིན་སྤྱི་སྟེགས་སུ་གཏོང་མི་ཐུབ་པས་དཔྱད་མཆན་འདི་ལའང་ཚིག་ཚོགས་ཀྱི་སྤྲོས་པ་སྐྱུང་ཅི་ཐུབ་བྱས་ཏེ་འདི་ཙམ་གྱི་མཐུན་པར་བྱས་པ་ཡིན་ནོ།

ཞེས་པ་འདི་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་དཔྱིད་ཀའི་དུས་མཆོད་ཆེན་མོའི་གུང་གསེང་སྐབས་སུ་བྲིས་ཏེ་ཕུལ།     ༢༠༡༦/༣/༥ཉིན།  

༒སྒྲ་བླའི་རྒྱལ་མོ།

སྤུ་ཧྲེང་རྫོང་ཁོངས་མ་པང་གཡུ་མཚོའི་ལྷོ་ངོས་སུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་༧༧༢༨་ཡོད།

མིང་གི་རྣམས་གྲངས་ནི། སྟག་རི་ཁྲ་བོ། སྒྲའམ་དགྲ་བླའི་རྒྱལ་མོ། སྨན་མོ་ནག་ཉིལ། ནག་ཉིལ་གངས། གནས་མོ་སྣ་གཉིས། སྣེ་མོ་སྣ་གཉིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.