དྲི་བ།
ཞང་ཞུང་མུ་ལ་ཙ་མེད་ཀྱི་སྐོར་ལ་དཔྱད་པ།
རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ།
ཡོངས་ཁུངས། བོན་སྒོ་འདོན་ཐེངས་ཉེར་བདུན་པའི་ཤོག་ངོས། ༡༡༩ལས།
ཞང་ཞུང་བྱ་བའི་ཡུལ་སྟོད་སྨད་རྣམས་ནི་དང་པོ་རྒྱལ་པོ་རྩེ་ཞེས་པ་ཞིག་གིས་བཟུང་ཞིང་། འདི་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་རྣམས་ལས་ལྡེ་བརྒྱད་ཅེས་པའི་ནང་ཚན་གྱི་ལྡེ་སྣོལ་བའི་རིང་ཡིན་ཞིང་། ཞེས་བཤད་འདུག་པས། དེའི་ཁུངས་ནི་་(ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས་)ལས། དང་པོ་ཞང་ཞུང་ཡུལ་སྟོད་སྨད་རྣམས་རྩེ་ཞེས་བྱ་བས་བཟུང་། ཞེས་ནས་མི་རབས་བཅུ་གཅིག་ནས། སྙ་ཤུར་ལ་ཁྭ་གེང་རྩེ་དང་། སྲོང་བཙན་སྒམ་པོ་དུས་མཉམ་ཡིན་ཚུལ་སོགས་བཤད་འདུག་པས། མདོར་ན་འདི་མ་གཏོགས་པའི་ཞང་ཞུང་གི་རྒྱལ་པོ་ཐོག་མའམ་དང་པོ་ནི་རྩེ་ཞེས་པ་ཡིན་པའི་ལོ་རྒྱུས་གཞན་འདྲེན་རྒྱུ་ཡོད་དམ།
དེའང་ནམ་རྒྱུན་ཏུ་བོན་གྱི་ལོ་རྒྱུས་ཁག་ལས་ཞང་ཞུང་རྒྱལ་རབས་དང་སྐད་ཡིག་རྒྱལ་ཁམས་ཀྱི་མིང་སོགས་ཆེས་གནའ་བོའི་དུས་སུ་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་སམ་ཧི་མ་ལའི་རི་རྒྱུད་ཀྱི་འཁོར་ར་འཁོར་ཡུག་ཡོངས་རྫོགས་ཞང་ཞུང་གི་ཁྱོན་ཡིན་པ་མ་ཟད་འཛམ་བུ་གླིང་གི་ཡུལ་ཆེན་པོ་(མཆན། དབུས་སུ་ཞང་ཞུང་དང་བོད། ཤར་ན་རྒྱ་ནག་དང་ཁྲི་དན་གཉིས། བྱང་ན་གེ་སར་ཕྲོམ་དང་ཧོར་ཡུལ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ཤར་མཐའ་རྒྱ་མོ་ཁྱི་ཁྱོན་དང་ཐོ་གར་གཉིས། བྱང་མཐའ་སོག་པོ་དང་སྦལ་ཁ་གཉིས། ནུབ་མཐའ་ཀེ་ལོ་དང་ཕུ་ན་གཉིས། ལྷོ་མཐའ་གྱད་ཡུལ་དང་ཧུར་ན་གཉིས། དབུས་གསེང་མུ་ཏི་གནམ་སྟོ་གོ་བཅས། )བཅོ་བརྒྱད་དག་ལ་མགོ་བོ་ནོན་ཚུལ་སོགས་རྒྱ་ཆེས་བཤད་ཡོད་པར་འདིར་མི་བཤད་མོད། གཞན་དུ་ན་ཧུང་ཧོང་ཡིག་རྙིང་དང་། ལྡེའུ་ཆོས་འབྱུང་། མཁས་པའི་དགའ་སྟོན། དེབ་ཐེར་དམར་པོ། བཀའ་ཐང་སྡེ་ལྔ་། བཤད་མཛོད་ཆེན་མོ་སོགས་བོད་ཀྱི་ཆོས་འབྱུང་རྙིང་པ་ཕར་ཆེ་བའི་ནང་དུ། ཞང་ཞུང་ནི་བོད་བཙན་པོའི་རྒྱལ་རབས་སྔོན་དུ་ཡོད་ཚུལ་བཤད་པ་མ་ཟད། ཞང་ཞུང་སོགས་རྒྱལ་ཕྲན་བཅུ་གཉིས་ཀྱི་སྐབས་སམ། བོད་ཁམས་གཡག་དྲུག་ཅེས་པའི་གོང་དུ་བོད་ཅེས་པའི་ཡུལ་གྱི་མིང་འདིའང་འདི་ལྟར་བོད་ཅེས་འབོད་ཀྱིན་ཡོད་དམ་མེད་། ཡང་ན། བོན་གྱི་ཡུལ་ནམ་བོནད་ཅེས་ག་རེ་འབོད་ཀྱི་ཡོད་མེད་བཤད་ཐུབ་བམ།
སྤྱི་ལོའི་དུས་རབས་བཅོ་ལྔའི་གཡས་གཡོན་དུ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས་པའི་(ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས་)འདི་ནི་བོན་གྱི་ལོ་རྒྱུས་རྣམས་ཕར་ཞོག་ཏུང་ཧོང་ཡིག་རྙིང་དང་བོད་ཀྱི་ཆོས་འབྱུང་ཁག་རྣམས་ལས་འདི་ཁུངས་བཙན་པའི་རྒྱུ་མཚན་ཡོད་པའམ་སྒྲུབ་བྱེད་ཡོད་དམ། ཡང་ན་གཞན་ལོ་རྒྱུས་ཁུངས་བཙན་རེ་སྟོན་རྒྱུ་ཡོད་དམ། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་ལ་མཁས་པའི་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱཻ་ཀྱཻ་ཀྱཻ།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བས། ༢༠༡༧/༣/༡༦ཉིན་མོའི་གུང་སེང་སྐབས་སུ་བྲིས།