ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཆུ་ཐིགས་ཀྱི་གཏམ། | 2011/5/28 21:41:00

 ཆུ་ཐིགས་ཀྱི་གཏམ།

              མཁར་ནག་སྐལ་བཟང་རྒྱ་མཚོ།

       གླེང་སློང་།

ཆུ་ཐིགས་ཞེས་པའི་ཁ་བྱང་མཐོང་ན་ཀློག་མཁན་དག་གི་བསམ་པ་ལ།།

བརྗོད་བྱའི་དོན་འགའ་གཙང་པོ་དང་ནི་རྒྱ་མཚོ་སོགས་ཀྱི་ཁྱད་ཆོས་ལས།།

ཆུ་ཐིགས་ཉིད་ཀྱི་མིན་ཞེས་འདོད་ན་དེ་ལ་འགལ་བའི་གནས་མེད་དེ།།

དེ་དག་ཀུན་ཡང་མཐའ་རུ་གཏུགས་ན་ཆུ་ཐིགས་འཚོགས་ལས་གྲུབ་པ་ཉིད།།

ཆུ་ཐིགས་སྤངས་པའི་ཕ་རོལ་ཞིག་ན་ཆུ་ཕྲན་དང་ནི་གཙང་པོ་ཞེས།།

གདགས་སའི་གཞི་མེད་དེ་བཞིན་རྫིང་བུ་ཡང་ན་འབྱམས་ཀླས་ཆུ་གཏེར་ཀློང་།།

གཅིག་ཀྱང་མེད་ཕྱིར་དེ་དག་ཀུན་གྱི་ལྷག་པའི་ཁྱད་ཆོས་མ་ལུས་པ།།

ཆུ་ཐིགས་སྟེང་དུ་བསྡུས་ཏེ་བརྗོད་ཀྱང་འགལ་མེད་རིག་པའི་རོལ་རྩེད་ཙམ།།

 

དངོས་གཞི།

 

ངོ་བོ་གསལ་སྟོང་ཟུང་དུ་འཇུག་ཅིང་མཐའ་བརྒྱད་མཚན་པས་ཡོངས་བཏང་བ།།

སུམ་རྩེན་གྲོང་གི་ཆུ་གཏེར་ཆེ་ལས་མཚན་དཔེ་ཟློས་གར་སྒྱུར་མཛད་མ།།

འཕགས་མ་དབྱངས་ཅན་ལྷ་མོ་གཞོན་ནུས་སྙན་འཇེབས་ཏམ་བུ་ར་ཡི་དབྱངས།།

ཡིད་དབང་གསོ་བའི་དཔལ་དུ་སྩོལ་ལ་བདག་མགྲིན་འོ་མཚོའི་ཀླུང་དུ་བཞུགས།།

སྲིད་པའི་ཁམས་ཀྱི་དངོས་པོ་མཐའ་དག་རྒྱུད་ཀྱིས་བསྡུས་དང་མ་བསྡུས་ཀུན།།

གང་ལ་གང་འཚམ་ཐུན་མིན་ཁྱད་ཆོས་རེ་ཟུང་ལྡན་པའི་གོང་བུ་དག།

ལང་ཚོའི་མཛེས་སྡུག་ངོམ་པའི་སྐལ་བཟང་བདུད་ཀྱི་དབང་དུ་མ་སོང་བར།།

ཚེ་སྲོག་ཅིག་གི་གཟུགས་སུ་ངེས་སོ་དོན་བྱེད་ནུས་པའི་རང་བཞིན་ཅན།།

གཞི་གྲུབ་མཚན་ཉིད་འཛིན་པའི་ཆོས་ཀུན་ཡེ་ནས་གཞི་གཅིག་ངེས་ན་ཡང་།།

དུག་ལྔའི་དཔུང་ཚོགས་ཆེས་ཆེར་རྒྱས་པའི་དུས་ཀྱི་སྙིགས་མར་འཚོ་བའི་འགྲོ།།

མཆོག་དམན་གཉིས་འཛིན་མཐའ་རུ་ལྷུན་ནས་བཟང་ངན་སྤང་བླང་འབྱེད་པའི་བློ།།

སྐད་ཅིག་ཙམ་ཡང་འདོར་དུ་མི་ཐུབ་རྟག་ཏུ་འཁྲུལ་བའི་ངང་ཚུལ་འཛིན།།

པད་མའི་ཚལ་ལ་བུང་བ་གཞོན་ནུས་ཟློས་གར་སྒྱུར་བའི་རྣམ་འཕྲུལ་དང་།།

ཚང་ཚིང་ནགས་སུ་གཞན་གསོས་བུ་མོས་གྲེ་འགྱུར་གསུང་དབྱངས་ངོམ་པ་སོགས།།

འདོད་ཡོན་ལྔ་ཡིས་མཆོག་ཏུ་བགྲངས་ནས་བསྔགས་བརྗོད་མེ་ཏོག་གཏོར་བ་དང་།།

རྗེས་སུ་ཆགས་པའི་དབང་པོའི་ཚོགས་ཀྱིས་ནམ་ཡང་ལོངས་སུ་སྤྱོད་ལ་བྲེལ།།

གལ་སྲིད་ཡི་གར་འོང་དང་མི་འོང་མཛེས་དང་མི་སྡུག་ཉམས་ཅན་དང་།།

དེ་བཞིན་སྙན་དང་མི་སྙན་སོགས་ཀྱི་ཚད་མ་འཛིན་པའི་འབྱེད་ཆོས་ནི།།

ཕྱི་ཡི་རྣམ་པ་ཁོ་ནས་འབྱེད་ན་ང་དང་ང་ཡི་གྲོགས་པོ་ཀུན།།

མཛེས་པ་མ་ཡིན་མི་སྡུག་པའང་མིན་རང་བཞིན་ཕལ་བའི་ཆུ་ཐིགས་ཡིན།།

མཛེས་པའི་གཟུགས་དང་སྙན་པའི་སྒྲ་དབྱངས་ངོམ་པར་འོས་པའི་ཁྱད་ཆོས་ནི།།

ཕྲན་བུ་ཙམ་ཡང་ལྡན་མིན་ཕྱིར་ན་སྐྱེ་འགྲོ་ཡོངས་ཀྱི་དུངས་སེམས་ཀྱིས།།

དོ་སྣང་མི་བྱེད་བསྙེལ་པར་འདུག་ཀྱང་ཚེ་སྲོག་གསོན་པོའི་གོང་བུ་ཞིག།

ང་ཡང་ཡིན་ཕྱིར་སྐྱོ་བ་མི་འདུག་ནམ་རྒྱུན་སྤྲོ་བ་འབུམ་གྱིས་འཚོ།།

ལུས་དང་ལང་ཚོའི་གཟུགས་བོངས་ཆུང་ཡང་འོད་ཀྱི་གོང་བུའི་རང་བཞིན་ཏེ།།

ཕྱི་གསལ་ནང་གསལ་སྒྲིབ་གཡོག་བྲལ་པ་རབ་ཏུ་དྭངས་པའི་ཚེ་སྲོག་ཡིན།།

སྐྱེ་བོ་ངན་པའི་དྲི་མས་ཡོངས་བཏང་གཡོ་སྒྱུ་སྤྱོད་པའི་འཚེས་པ་ལས།།

རིང་ནས་ཐར་པའི་དྭངས་པའི་རྩེར་སོན་བདག་འདྲ་སྲིད་འདིར་རེ་རེ་ཙམ།།

མཆོག་དང་དམན་པ་གང་དུ་གྱུར་ཀྱང་དངོས་ཀུན་མི་རྟག་པ་ཡི་ཚུལ།།

ཕྲ་རགས་འདུས་བྱས་གང་ལ་བལྟས་ཀྱང་གསལ་བོར་སྣང་བའི་ཆོས་ཉིད་དེ།།

ཤེས་བྱ་མཐའ་དག་སྐད་ཅིག་སྐད་ཅིག་འགྱུར་བའི་ངང་ཚུལ་བཟློག་མེད་འདི།།

འཇིག་པར་སླ་བའི་ཚེ་སྲོག་གསོན་པོ་ང་ཡི་སྟེང་དུའང་བྲལ་བ་མིན།།

གལ་སྲིད་ང་རང་སྟངས་སྟབས་གཅིག་གིས་རྩྭ་ལྡུམ་རྩེ་མོར་སོན་གྱུར་ན།།

སྣང་བྱེད་གཞོན་ནུའི་ཚ་ཟེར་ཕྲན་བུས་སྲོག་གི་རྒྱུན་ཐག་གཅོད་པར་འགྱུར།།

དེ་བཞིན་ང་ཉིད་མཆོང་སྟབས་གཅིག་གིས་དབྱིག་འཛིན་གཞི་རུ་བབས་གྱུར་ན།།

ནོར་འཛིན་བུ་མོའི་ལང་ཚོའི་དྲོད་ཀྱིས་རླངས་པའི་རྗེས་སུ་སྦྱོར་བ་ངེས།།

དེ་ལྟ་ན་ཡང་ང་ཉིད་དང་པོ་འཁྲུངས་པའི་གནས་ནི་གངས་ལྗོངས་ཏེ།།

རབ་དཀར་བསིལ་རིའི་ཁོངས་ནས་འོང་དུས་ཡབ་ཆེན་གངས་རྒྱལ་ཏི་སེ་ཡིས།།

གཞན་ཕན་སྒྲུབ་པའི་བཀའ་ལུང་ལྕི་མོ་གཙུག་གི་རྒྱན་དུ་མཆོད་བཞིན་དུ།།

ལང་ཚོ་ཆེན་པོར་སྤྲུལ་བའི་རྒྱུན་ལ་དལ་འགྲོ་མ་ཞེས་ཀུན་ཀྱིས་གླེང་།།

དམན་པར་གྱུར་ཀྱང་དུ་མ་འཚོགས་ན་སྨན་པའི་དོན་ཆེན་སྒྲུབ་ནུས་པ།།

བསྙོན་དུ་མེད་པའི་དངོས་པོའི་གཤིས་ལུགས་རིང་ནས་རྟོགས་པའི་བདག་ཅག་གིས།།

མཛའ་གཅུགས་མཐུན་པའི་ལག་རྡང་སྦྲེལ་ནས་ལྷན་དུ་བསྐྱོད་པའི་གོམ་སྒྲ་ནི།།

སྙན་པའི་གླུ་བཞིན་གལ་སྲིད་ཁྱོད་ཀྱིས་ཐོས་ན་ངེས་པར་ཡིད་དུ་འབབ།།

ད་དུང་ཁྱེད་ཉིད་བཟོད་དཀའི་སྐོམ་གདུང་ཚ་དབལ་བདུད་མོས་གཟིར་བའི་ཚེ།།

གཞིས་བྱེས་ལམ་གསུམ་གང་དུ་གནས་ཀྱང་ཁོ་བོ་གྲོགས་སུ་སྦྲན་གྱུར་ན།།

དམ་པ་རྣམས་ཀྱི་མཛད་སྤྱོད་ཇི་བཞིན་རང་ཉིད་ཚེ་ཡི་དུས་བྱས་ཀྱང་།།

ཁྱོད་ལ་ཕན་ཕྱིར་ལང་ཚོའི་མཛེས་སྡུག་ཕངས་སེམས་མེད་པར་འབུལ་ལ་སྤྲོ།།

གལ་སྲིད་ཁྱོད་ཀྱི་མཆོར་སྒེག་ན་བཟའ་ནག་ནོག་དྲི་མས་སྦགས་གྱུར་ན།།

དྭངས་བསིལ་ཡོན་ཏན་བརྒྱད་དང་ལྡན་པའི་ཁོ་བོ་ཁྱོད་ལ་བསྡོང་དུ་འོང་།།

མི་གཙང་དྲི་མ་རྒྱང་དུ་བསྐྲད་ན་གོས་ཀྱི་བཀྲག་མདངས་ངང་ཉིད་པ།།

མངོན་པར་འབྱིན་པའི་ནུས་མཐུ་འདིས་ཀྱང་ཁྱོད་ལ་དགའ་སྤྲོ་ཚད་མེད་སྦྱིན།།

དབྱར་གསུམ་ཚ་བའི་གདུང་བ་མ་བཟོད་པད་མས་བརྒྱན་པའི་རྫིང་བུ་རུ།།

མཆེ་བ་དྲུག་ལྡན་གླང་ཆེན་ཚོགས་ཀྱང་ཁྲུས་ལ་འཇུག་པར་སྤྲོ་བ་བཞིན།།

ཁྱེད་ཀྱིས་གོས་རྒྱན་མཐའ་དག་དོར་ནས་སྒྲེན་པོར་བདག་ལ་འཁྱུད་གྱུར་ན།།

འཇམ་མཉེན་བསིལ་བའི་རེག་བྱ་མཆོག་གིས་བདེ་དགའི་དཔལ་ལ་སྦྱོར་བར་ངེས།།

གཞན་ཡང་ཁྱོད་ཀྱིས་རང་གི་མཛེས་སྡུག་རེ་ཞིག་བལྟ་བར་འདོད་པའི་ཚེ།།

བཞིན་གྱི་སྣོད་བཟང་གལ་སྲིད་བསྙེལ་ནས་སྐྱོ་དང་འཚུབ་ཆ་ལངས་གྱུར་ན།།

ང་ཡི་ལང་ཚོའི་ཆ་ཤས་རེ་རེར་ཨ་དར་ཤ་ཡི་མཚན་ཉིད་ཀུན།།

རྫོགས་ཕྱིར་ཁོ་བོ་གྲོགས་སུ་བསྟེན་ན་དགྱེས་འཛུམ་ཞལ་ཡང་མཐོང་བར་འགྱུར།།

དེ་བཞིན་མཛེས་སྡུག་སྤང་ཐང་དག་ཏུ་ཁོ་བོ་བསྐྱོད་པའི་ལོ་ཟླའི་ནང།།

ཞོགས་པའི་མཚམས་སྤྲིན་མདོང་གིས་བསུས་ཤིང་དགོ་དགོ་བཞོ་དབྱངས་གྱེར་མཁས་པ།།

ལང་ཚོའི་སྙེམས་པ་ཁོང་དུ་ཉར་བའི་ན་ཆུང་ཆུ་ལེན་བུ་མོ་ཡིས།།

བདུད་རྩིར་བསམ་ནས་ལྡེམ་པའི་ཉམས་བཅས་ཁྱིམ་དུ་དྲངས་པའང་བགྲང་ལས་འདས།།

རྣང་མའི་རིས་ཀྱིས་མཛེས་སྡུག་བསྣན་པའི་རོང་གི་ཡུལ་དུ་བསླེབས་པའི་དུས།།

ཞིང་བ་རྒན་པོའི་དཔྲལ་བའི་གཉེར་མ་ལྷུག་པར་གྲོལ་བའི་དགའ་བ་དང་།།

སྟག་ཤར་གཞོན་ནུའི་འདོད་མོས་བཞིན་དུ་ཡུར་བའི་རྒྱུ་ལམ་དག་བརྟེན་ནས།།

གཡུ་རླབས་འཕྱུར་བའི་ལོ་ལེགས་ཞིང་དུ་རང་གི་ཚེ་སྲོག་ཕངས་མེད་སྦྱིན།།

ཚང་ཚིང་འཁྲིགས་པའི་ནགས་ཚལ་སྟུག་པོར་ང་ནི་དལ་གྱིས་རྒྱུ་བའི་དུས།།

འཁྲི་ཤིང་ཚོགས་ནི་དྲི་བཞོན་དང་བཅས་མཛའ་བའི་ཕྱག་བརྡ་གཏོང་བ་དང་།།

བྱ་དང་བྱི་འུ་འདབ་ལྡན་ཀུན་ཀྱིས་གྲེ་འགྱུར་སྟོང་གི་བསུ་བ་དང་།

སྤུ་སྡུག་རི་སྐྱེས་བུ་མོའི་ཚོགས་ཀྱིས་མཆོང་ལྡིང་གར་གྱི་སྟངས་སྟབས་སྒྱུར།།

གཞན་ཡང་དབེན་གསུམ་རི་ཡི་སུལ་དུ་སྐྱེན་པོའི་གོམ་ཁ་སྒྱུར་བའི་ཚེ།།

ཡང་དག་འཇོག་ལ་གཞོལ་བ་ལས་གཞན་ཚངས་པར་སྤྱོད་པ་མཐའ་དག་གིས།།

དཀོན་མཆོག་མཆོད་པའི་རྒྱན་དུ་བསྒོམས་ནས་དྲི་གཙང་ཁང་དུ་དྲངས་པ་ན།།

མར་མེ་འོད་དང་མེ་ཏོག་ཇི་བཞིན་ལྷ་རྣམས་མཉེས་པའི་རྒྱན་གྱི་མཆོག།

མཐོན་པའི་སྒང་དང་དམའ་བའི་གཤོང་སོགས་མཛེས་སྡུག་རི་ལུང་གང་དུ་ཡང་།།

ང་ཡི་ལང་ཆོ་ལྡན་པའི་ཡུལ་དེར་རི་སྐྱེས་བུ་དང་གཡུང་དྭགས་དང་།།

སྔོ་ལྗང་རྩི་ཤིང་མཛེས་པའི་མེ་ཏོག་ཕྱེ་མ་ལེབ་དང་རྐང་དྲུག་སོགས།།

སྲིད་པའི་ཕུན་ཚོགས་ངང་གིས་གྲུབ་ཅིང་ཀུན་ཀྱིས་བསྔགས་པའི་གནས་སུ་འགྱུར།།

དེ་བཞིན་བཟང་བོར་རློམ་པ་གང་ཞིག་ཡུལ་ཕྱོགས་ཤིག་ཏུ་མེད་ན་ཡང་།།

མཛེས་ལྗོངས་དེ་ཡི་ཡིད་འོང་དཔལ་དང་སྙན་པའི་གྲགས་པར་གནོད་མི་འགྱུར།།

འོན་ཀྱང་ང་ཉིད་གཏན་ནས་མེད་ན་མྱ་ངམ་ཐང་ཞེས་མཐའ་དག་གིས།།

དམོད་པའི་ཚིག་བཅས་འདོར་བ་ངེས་ལ་དང་དུ་ལེན་མཁན་གཞར་ཡང་དབེན།།

ང་ནི་རྒྱང་དུ་བསྐྱོད་པའི་ལམ་དུ་ངལ་བ་ཅུང་ཙམ་སྐྱེས་པའི་དུས།།

མཚོ་དང་མཚེ་འུ་དུ་མར་སྤྲུལ་ནས་རེ་ཞིག་ངལ་གསོའི་ཚུལ་བསྟེན་ན།།

མཐིང་རིལ་ལ་སོགས་འདབ་ཆགས་བྱེ་བས་རླབས་ཀྱི་འཁྲི་ཤིང་ལ་རྩེན་ནས།།

བར་སྣང་ཁམས་ནས་ལྡིང་སྐོར་བྱེད་དུས་རྟ་བདུན་འོད་ཀྱང་བསྒྲིབས་ལ་ཉེ།།

ད་དུང་ལྟོ་དཀར་ཉ་མོ་ལ་སོགས་ཆུ་ལ་གནས་བཅས་མཐའ་དག་གིས།།

ང་ཡི་ལང་ཚོ་དོ་རར་བསམ་ནས་མགྱོགས་མྱུར་འཁྱུག་འགྲོས་སྒེག་ཉམས་བཅས།།

གར་གྱི་སྟངས་སྟབས་སྣ་ཚོགས་བསྒྱུར་ཚེ་མཛེས་སྡུག་པད་མའི་འཁྲི་ཤིང་ཡང་།།

ཁ་དོག་རྣམ་པར་བཀྲ་བའི་འདབ་སྟོང་ལྷུག་ལྷུག་དགོད་པའི་འཛུམ་བཅས་གྲོལ།།

དོག་མོའི་འཕྲང་དུ་སྐྱེན་པོར་རྒྱུ་ཚེ་དུས་ཀྱི་དགོས་པ་དང་བསྟུན་ནས།།

ང་ཡི་རྒྱུ་ལམ་བཙན་གྱིས་བཀག་ཀྱང་རྣམ་པར་དཀར་བའི་ལྷག་བསམ་གྱིས།།

ལང་ཚོའི་སྟོབས་ཤུགས་རྩལ་དུ་སྤྲུགས་ནས་དུས་རབས་གསར་བའི་འཛུགས་སྐྲུན་ལ།།

ཕན་པའི་སྡོངས་གྲོགས་སྣ་ཚོགས་བྱས་འདིར་དངོས་པོ་གཞན་གྱི་འགྲན་དུ་ཅི།།

གྲོང་དང་གྲོང་ཁྱེར་ཁོར་ཡུག་ཀུན་ཏུ་ཐུན་གསུམ་མུན་པས་བསྒྲིབས་པའི་ཚེ།།

འཛིན་མའི་གཞི་རུ་རྒྱུ་སྐར་ཇི་བཞིན་མཛེས་སྡུག་འོད་སྣང་སྦྱིན་པ་དང་།།

བཟོ་སྐྲུན་ཁེ་ལས་འཕྲུལ་འཁོར་མཐའ་དག་བསྐུལ་ཅིང་བསྐྱོད་པའི་ནུས་ཤུགས་དག།

ང་ཡི་ལང་ཚོའི་དཔལ་ལས་བྱུང་ཕྱིར་དགའ་སྤྲོ་སྐྱིད་པའི་མཐའ་མ་རིག།

དེ་བཞིན་བདག་ནི་གང་དུ་ཕྱིན་ཀྱང་གཞན་ཕན་སྒྲུབ་པའི་དམ་བཅའ་ཡིས།།

ཉེ་རིང་མེད་པར་སྐྱེ་འགྲོ་ཀུན་ལ་སྨན་པའི་དོན་ཆེན་བགྱིས་ན་ཡང་།།

སྤྱོད་ངན་འཆང་བའི་སྐྱེ་བོ་འགའ་ཡིས་ང་ཡི་ལང་ཚོ་དོན་མེད་དུ།།

ཆུད་ཟོས་བཏང་ན་སེམས་འགྱུར་ཕྲ་མོ་སྐྱོ་བའི་ཀློང་ལས་ཐར་ནུས་མིན།།

དེ་ལྟ་ན་ཡང་གངས་རིའི་ལྗོངས་ལ་སེམས་པ་ཤིན་ཏུ་འཁྲེང་ཆེ་བས།།

གལ་སྲིད་སྣང་བྱེད་གཞོན་ནུའི་ཟེར་གྱིས་ང་ཡི་ལང་ཚོ་བསྐམས་གྱུར་ཀྱང་།།

ནམ་ཞིག་རླངས་པའི་ཟོལ་གྱིས་འཕགས་ཏེ་ཆུ་འཛིན་དཀར་པོའི་ལྡིང་ཁང་དུ།།

སྤྲིན་གྱི་མེ་ཏོག་བཟང་བོར་གྲུབ་ནས་གངས་རིའི་ལྗོངས་སུ་འབབ་ལ་རངས།།

 

མཇུག་གི་གཏམ།

 

སྲིད་འདི་རིན་ཐང་གཞལ་དུ་མེད་པ་ཆུ་ཐིགས་ང་ལས་མ་མཆིས་ཤིང་།།

ང་དང་བྲལ་ན་ཚེ་སྲོག་ཐམས་ཅད་འཇའ་བཞིན་ཡལ་བའི་ཆོས་ཉིད་འདི།།

རྟོགས་ན་རང་གི་བདེ་སྐྱིད་བསྐྲུན་ཕྱིར་གསེར་ལས་ལྷག་པའི་འདུ་ཤེས་ཀྱིས།།

ང་ཡི་ལང་ཚོ་གཅེས་པས་སྲུངས་ཤིག་བློ་ལྡན་རྐང་གཉིས་འགྲོ་རྣམས་ཀྱེ།།

 

༢༠༠༣ལོའི་སྦྲང་ཆར་དེབ་བཞི་བའི་སྟེང་དུ་སྤེལ།

 

 

 

Re:ཆུ་ཐིགས་ཀྱི་གཏམ། | 2011/5/30 14:55:23
Khyungshesrabརྒན་མཁར་ནག་ཚང་སྐུ་གཟུགས་བདེ་ཐང་གི་རྣམ་པའི་ངང་ནས་གསེར་ཞལ་མཇལ་བྱུང་བས་སྤྲོ་དགའ་རབ་ཏུ་འཕེལ།
གཤམ་དུ་མཁར་ནག་པ།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ཤེས་རབ་ལེགས་འདིར་ཕེབས་པར་དགའ་བསུ་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.