མཁར་ནག་སྐལ་བཟང་རྒྱལ་མཚོ།
མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།
མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།
མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།
མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།
དབྱངས་ ཅན་ མ།།
མཁར་ནག་སྐལ་བཟང་རྒྱ་མཚོ།
མཁའ་དབྱིངས་ན་འཕྱང་བའི་དཀར་གསལ་གྱི་ཟླ་བ་ཁྱེད་ཀྱི་ཞལ་རས་ཡིན་ན།
ང་རབ་དཀར་གྱི་ལང་ཚོ་སྨིན་པའི་མཛེས་ལྡན་གྱི་ཀུ་མུད་དུ་སྤྲུལ་ནས།
ཁྱེད་ཀྱི་ཐུགས་རྗེ་ཡི་འོད་དཀར་ངོམས་མེད་དུ་འཐུང་འདོད།
མུན་སྟུག་གི་དགྲ་དཔུང་འཇོམས་པའི་ཉིན་བྱེད་ཀྱི་འོད་སྟོང་ཁྱེད་ཀྱི་གཟི་བྱིན་ཡིན་ན།
ང་འཇོ་སྒེག་གི་དཔལ་ཡོན་རྫོགས་པའི་འདབ་སྟོང་གི་པད་མ་རུ་རྫུས་ཏེ།
ཁྱེད་ཀྱི་བྱིན་རླབས་ཀྱི་དྲོད་ཁོལ་སྙིང་ཁོང་དུ་བསུ་འདོད།
གདེངས་ཅན་གྱིས་རྩེད་འཇོ་རོལ་བའི་མུ་མེད་ཀྱི་ཆུ་གཏེར་ཁྱེད་ཀྱི་ཐུགས་ཀློང་ཡིན་ན།
ངས་གུས་རྟག་གི་བ་དན་འཛོམས་པའི་ཤེས་རབ་ཀྱི་གྲུ་གཟིངས་སྒྱུར་ནས།
ཁྱེད་ཀྱི་ཐུགས་དགོངས་ཀྱི་ནོར་བུ་རྒྱལ་མཚན་གྱི་རྩེ་རུ་མཆོད་འདོད།
སྙན་འཇེབས་ཀྱི་འགྱུར་ཁུགས་ལྡན་པའི་ཁུ་བྱུག་གི་སྐད་སྙན་ཁྱེད་ཀྱི་གསུང་དབྱངས་ཡིན་ན།
ང་ནགས་ཀློང་དུ་བག་ཡངས་རྒྱུ་བའི་རི་སྐྱེས་ཀྱི་བུ་མོ་རུ་སྤྲུལ་ཏེ།
ཁྱེད་ཀྱི་ཚངས་དབྱངས་ཀྱི་གསུང་སྙན་ལ་དུས་རྟག་ཏུ་མཉན་འདོད།
བསུང་ཞིམ་གྱི་དྲི་མཆོག་ཁྱབ་པའི་ཡིད་འོང་གི་པད་དཀར་ཁྱེད་ཀྱི་སྐུ་མཆོག་ཡིན་ན།
ང་གཤོག་ཟུང་གི་རྣམ་འཕྲུལ་ལྡན་པའི་བརྩེ་ལྡན་གྱི་རྐང་དྲུག་ཏུ་རྫུས་ཏེ།
ཁྱེད་ཀྱི་ཞིམ་མངར་གྱི་སྦྲང་རྩི་མངོན་སུམ་དུ་མྱོང་འདོད།
དབྱངས་ཅན་མ། སྙན་ངག་པའི་སྨྱུག་རྩེ་ལ་ཁ་ལོ་སྒྱུར་བའི་ངག་རིག་གི་དྲི་ཟའི་བུ་མོ།
གསོལ་འདེབས་ཁྲི་ཕྲག་གི་དབྱངས་རྟ་ཁྲོད་སྤར་བའི་མུན་སེལ་གྱི་མར་མེ་གསལ་བོ།
དགའ་སྐྱིད་སྐྱོ་སྡུག་གི་ཚོར་བ་དག་མྱང་བའི་སེམས་འགྱུ་ཡི་གླུ་སྒྲ་སྙན་མོ།
ཡོད་ཚད་སྒྱུ་རྩལ་གྱི་པིར་རྩེ་ནས་ལྷུགས་པར་བཞུར་བའི་སྐལ་བཟང་མ་ཐོབ་བར་དུ།
མཁྱེན་བརྩེ་ནུས་པའི་སྤྱན་དཀྱུས་ཀྱིས་ནམ་ཡང་གཟིགས་རྒྱུ་མ་བསྙེལ་ཨང་།།
- ཟིན་ཐོ་གོང་མ།སྙན་ཚིག་མེ་ཏོག་ཆུན་པོ།
- ཟིན་ཐོ་འོག་མ།སངས་རྒྱས་སྟོན་པ་གཤེན་རབ་མི་བོ།