མཁར་ནག་སྐལ་བཟང་རྒྱལ་མཚོ།
མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།
མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།
མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།
མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།
སྙན་ཚིག་མེ་ཏོག་ཆུན་པོ།
རྒྱལ་གཤེན་བསྟན་པའི་བདག་ཉིད་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ། སྲིད་གསུམ་འགྲོ་བའི་དཔུང་གཉེན་ཟླ་བྲལ་གྱི་སྐྱབས་རྗེ་དམ་པ། མཚན་བརྗོད་པར་དཀའ་བ་གོང་ས་ཁྲི་རིན་པོ་ཆེ། ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་གང་ཉིད་དགུང་གྲངས་བརྒྱད་ཅུར་སོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ལ་ཕུལ།
མཁར་ནག་སྐལ་བཟང་རྒྱ་མཚོ།།
ཀ་དག་གདོད་མའི་གཞི་དབྱིངས་གཉིག་མའི་ཀློང༌།།
ལྷུན་གྲུབ་རིག་པའི་རྩལ་སྣང་འདུ་འབྲལ་མེད།།
མ་བཅོས་རྩོལ་བྲལ་རང་སར་གྲོལ་བའི་ལམ།།
བླ་མེད་ལྟ་སྤྱོད་སྨྲ་བསམ་བརྗོད་འདས་མཆོག།
སྐྱེ་མེད་ཀློང་ན་བོན་སྐུ་ཀུན་ཏུ་བཟང༌།།
རབ་འབྱམས་རྒྱ་མཚོའི་ཞིང་དུ་གཤེན་ལྷ་འོད།།
བྱེ་བ་ཕྲག་བརྒྱའི་འགྲོ་འདྲེན་བསྟན་པའི་གཙོ།།
དབྱེར་མེད་སྤྲུལ་བའི་རྣམ་རོལ་སྨན་རི་བ།།
ལུང་རིག་རྒྱ་མཚོའི་ཕ་མཐར་ལེགས་སོན་ཅིང༌།།
རྟོགས་པ་ནམ་མཁའི་ཀློང་ལ་མངའ་བརྙེས་པ།།
བསྟན་པའི་མཛོད་འཛིན་མཁས་གྲུབ་བྱེ་བའི་མཉེན།།
མཁྱེན་བརྩེ་ཉི་མ་འབུམ་གྱིས་ཕྱུག་པའི་མགོན།།
གང་གི་མཚན་དཔེ་གཟུགས་སྐུའི་དཀྱིལ་འཁོར་མཆོག།
ཞིང་འདིར་བྱོན་པའི་གཟི་བྱིན་འགྲན་བྲལ་བ།།
འཆི་མེད་ལམ་ན་རྟ་བདུན་དབང་པོ་བཞིན།།
སྲིད་གསུམ་འགྲོ་བའི་དཔུང་གཉེན་མིག་གི་དཔྱིད།།
བཞི་ལྷག་དྲུག་བཅུའི་ཚངས་དབྱངས་ཡན་ལག་ཀུན།།
ཁྱེད་གསུང་ཁོ་ནར་རྫོགས་པའི་སྙན་བརྗིད་ཀྱིས།།
སྲིད་ན་མཆོག་ཏུ་བསྔགས་པ་དྲི་ཟའི་དབྱངས།།
འགྱུར་ཁུག་སྟོང་གི་དཔལ་ཀྱང་དམན་སར་བཀོད།།
སྟོབས་བཅུ་མངའ་བའི་མི་འཇིགས་བཞི་ལྡན་གསུང་།།
སྡེ་སྣོད་གཞུང་བརྒྱའི་ཡང་སྙིང་ཁྱད་འཕགས་དོན།།
ཁྱེད་ཐུགས་ཀློང་ན་སལ་ལེ་གསལ་བ་གང་།།
དྲི་བྲལ་ཨ་དརྴ་ཡི་གཟུགས་བརྙན་བཞིན།།
སྲས་བཅས་རྒྱལ་བའི་ཡང་སྙིང་ཐུགས་ཀྱི་བཅུད།།
ཞང་བོད་མཁས་གྲུབ་བྱེ་བའི་དགོངས་པའི་མཐུལ།།
མདོ་འབུམ་རྒྱུད་མཛོད་གང་གཱའི་གཙང་རྒྱུན་ཡང་།།
རྣམ་དཔྱོད་ཧུབ་ཀྱིས་བཞེས་འདི་ངོ་མཚར་ཡུལ།།
སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུ་བྱིན་གྱིས།།
རྒྱལ་གཤེན་བསྟན་པའི་མི་ནུབ་རྒྱལ་མཚན་མཆོག།
གླིང་ཆེན་ལྔ་ཡི་ཁྱོན་ལ་བསྒྲེངས་པ་འདིར།།
འཕགས་པའི་ཚོགས་ཀྱང་མཚར་བའི་ངང་ཚུལ་འཛིན།།
སྔོན་བྱས་ཐོས་བསམ་སྒོམ་སྒྲུབ་ཉེར་བསྡོགས་ལས།།
གཤེན་བསྟན་འཛིན་སྐྱོང་སྤེལ་ལ་འཇིགས་བྲལ་བ།།
ཞི་རྒྱས་དབང་དྲག་མཛད་པའི་ཕྲིན་ལས་གང་།།
སྲིད་འདིར་མཚུངས་པའི་དཔེ་ཟླར་དམིགས་སུ་མེད།།
གང་གི་མཚན་སྙན་ནམ་མཁའི་སྒྲ་བརྒྱ་བ།།
ཕྱོགས་ཀྱི་བུ་མོའི་ཁྱོན་དུ་གྲགས་པའི་མོད།།
ལས་ལྡན་སྐྱེས་བུ་མདོངས་མཐའི་ཚོགས་རྣམས་ཀྱིས།།
སྤྲོ་བའི་ཟློས་གར་སྒྱུར་ལ་ངལ་བ་བྲལ།།
རྒྱལ་བའི་གདན་ས་སྲིད་ན་འགྲན་བྲལ་བ།།
མཁན་རབས་སོ་གཉིས་བྱོན་པ་གསེར་གྱི་ཁྲིར།།
རྒྱལ་གཤེན་བསྟན་ལ་གདུང་འཚོབ་ཆེན་པོ་བཞིན།།
ཞབས་ཟུང་པད་མོའི་རེ་ཁས་མཛེས་སྡུག་བསྣན།།
གང་སྐུ་བརྗིད་ལྡན་གསེར་སྦྱངས་ལྷུན་པོ་ལ།།
མཚན་དཔེ་དབང་པོའི་གཞུ་རིས་སྤུད་པའི་ཚེ།།
མཐའ་དག་སྲིད་པའི་ཁམས་ཀྱི་མཛེས་རྒུའི་ཚོགས།།
སྐྱེངས་ནས་སྡུག་པའི་དཔལ་ཡང་བསྡུས་སམ་བསྙམ།།
གཡུང་དྲུང་ཚེ་མཐའ་ཡས་ཀྱི་བྱིན་བརླབས་བཅུད།།
མ་ལུས་ཐུགས་སུ་བསྡུས་པའི་མཐུ་དཔལ་ལས།།
གཟུགས་སྐུ་ཟླ་ཤེལ་ཁམས་ལ་ཉེར་འཚེ་ཡི།།
དྲི་མས་མ་གོས་བདུད་རྩིའི་གཟི་འོད་སྤྲོ།།
དགུང་གྲངས་བརྒྱད་ཅུར་སོན་པའི་སྙན་པའི་ཕྲིན།།
ཐོས་འཛིན་བུ་མོའི་ཁམས་སུ་གྲགས་པའི་མོད།།
རབ་དགའི་ས་ཆེན་གནོན་འདྲའི་སྤྲོ་བའི་དཔལ།།
འགྲོ་ལ་སྦྱིན་འདི་དངོས་པོ་གཞན་གྱིས་མིན།།
དུས་ཀྱི་མཐའ་རུ་གདུལ་བྱའི་བསོད་ནམས་དཔལ།།
ཆེས་ཆེར་བྲི་བས་བོན་བསྟན་རྟ་བདུན་དབང༌།།
ཆུ་ལྷའི་པང་བར་ཡུབ་ལ་ཉེ་བའི་ཚེ།།
མཐུ་བྱིན་སྟོབས་ཀྱིས་ཟློག་ནུས་ཁྱེད་མིན་སུ།།
ཁྱད་པར་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན།།
སྐྱེ་འགྲོ་ཡོངས་ཀྱི་མཆོད་ཡུལ་མ་གྱུར་བར།།
བསྐལ་བརྒྱའི་བར་དུ་ཁྱེད་སྐུ་ཉི་མ་གཞོན།།
མཐའ་དག་འགྲོ་བའི་མགོན་དུ་བརྟན་བཞུགས་གསོལ།།
འཁོར་བ་སྲིན་མོའི་གླིང་དུ་འཁྱམས་པའི་འགྲོ།།
ཐར་བ་བདེ་ཆེན་ཞིང་དུ་འདྲེན་པའི་ཕྱིར།།
བསྟན་པའི་ཡང་སྙིང་རྣམ་གསུམ་འཁོར་ལོ་མཆོག།
མཁྱེན་བརྩེ་ནུས་པས་ཡང་ཡང་བསྐོར་བར་བསྐུལ།།
གང་གི་གསེར་ཞལ་མཐོང་བ་དོན་ལྡན་ཉིད།།
མངོན་སུམ་མཇལ་ལ་སྐལ་བ་རབ་དམན་པའི།།
བདག་སོགས་ཉམ་ཐག་དུག་ལྔས་གདུང་བའི་ཚོགས།།
ཐུགས་རྗེས་གཟིགས་པ་མ་ཆུང་རྗེ་བཙུན་མཁྱེན།།
ཡིད་ཀྱི་འགྱུ་དྲན་དྲག་ཏུ་འཕྱུར་བའི་རླབས།།
སྙན་ཚིག་རིག་པའི་འཕྲུལ་གྱི་གྲུ་གཟིངས་ཉིད།།
ལེགས་པར་འདེགས་པའི་རྟེན་འབྲེལ་རབ་རྫོགས་ཏེ།།
སྙན་ཚིག་མེ་ཏོག་ཐོས་ཆུང་ངག་ལས་ཐལ།།
འཕགས་པའི་ཡུལ་ན་མཁས་གྲུབ་གདོང་ལྔའི་དབང་།།
གསེར་རིའི་ཕྲེང་ལྟར་བསྐོར་བའི་གཟི་རྔམ་གྱིས།།
རྩོམ་པའི་སྤོབས་པ་ཡོངས་སུ་འཕྲོག་ན་ཡང་།།
མཆོག་གི་བྱིན་བརླབས་འཇུག་ཕྱིར་འདི་བྱས་སོ།།
- ཟིན་ཐོ་འོག་མ།དབྱངས་ཅན་མ།
