སྒོའི་ཕྱི་ནང་།
རྐང་རྗེན།
སྒོའི་ཕྱི་ན་ཕྱི་སྒོ་དང་།
སྒོའི་ནང་ན་ནང་སྒོ་ཡོད།
སྒོ་མང་བོ་ཞིག་གི་སྒོ་དམ་པོར་བརྒྱབ་ཡོད།
སྒོ་གང་མང་ཞིག་གི་སྒོ་ཆེན་པོར་ཕྱེས་ཡོད།
སྒོའི་ཕྱི་ངོས་ལ་སེར་ལམ་ལམ་གྱི་ཉི་འོད་ཐིམས།
སྒོའི་ནང་ངོས་ལ་ནག་བེར་བེར་གྱི་མིག་འབྲས་འབྱར།
སྒོའི་ཕྱི་ནང་སྦྲེལ་བའི་ལྕགས་ལུང་གི་རྒྱུན་ཁུང་ན།
རྣམ་ཤེས་གྲངས་མེད་ཅིག་གི་རྐང་ལག་འཚངས།
སྒོ་མང་བོ་ཞིག་དམ་པོར་བརྒྱབ་རྗེས་ནམ་ཡང་ཕྱེས་མ་མྱོང་།
སྒོ་མང་བོ་ཞིག་སྒོ་འཁོར་དང་མཉམ་དུ་འབྱུང་བཞིར་འཐིམས།
སྒོ་མང་བོ་ཞིག་ད་དུང་སྒོ་བཟོ་བའི་བློ་ངོ་ན་ཡོད།
སྒོ་ཡིས་ཟ་མ་ཟ་མི་ཤེས།
སྒོ་ལ་རྐང་ལག་མེད།
ཡིན་ཡང་སྒོ་ཡོད་པས།
རྨི་ལམ་གང་མང་ཞིག་གི་གཤོག་པ་རུལ།
རྣམ་ཤེས་ཁྱུ་ཞིག་གི་རྐང་ལག་བསྡམས།
སྒོ་ལ་ཤིང་སྒོ་དང་ལྕགས་སྒོ གསེར་སྒོ དངུལ་སྒོ ཟངས་སྒོ་སོགས་རིགས་མང་བོ་ཡོད།
སྒོ་ལ་སྒོ་དཀར་བོ་དང་སྒོ་ནག་པོ།སྒོ་དམར་བོ། སྒོ་སེརབོ་སོགས་རིགས་མང་བོ་ཡོད།
རིགས་མི་འདྲ་བའི་སྒོ་མང་བོ་ཞིག་དྲང་བོར་བསླངས་བས།
སྒོའི་ཕྱི་ནང་ལ་གཅོང་རོང་བབས།
མིག་ཟུང་གང་མང་ཞིག་གི་འབྱེད་ཟུམ་འགགས།
སྒོ་ཟེར་བ་འདི་བྱུང་བས།
ལྕགས་ལུང་བྱུང།
ལྕགས་ལུང་བྱུང་བས་འགར་བའི་བློ་ལ་ཟྭ་གྲུབ།
ལྡེ་མིག་འཛིན་པ་པོ་དག་གིས།
སྒོའི་དོན་ལ་ལྡེ་མིག་ཉར་བ་མིན་པར།
སྒོའི་ཕྱི་ནང་གི་མིག་མང་བོ་མང་བོ་ཞིག་ལོང་བར་བཟོ་ཆེད།
གསེར་དངུལ་གང་རུང་གི་ལྡེ་མིག་དེ།
ཁྲག་གིས་སྦགས་པའི་གཤེད་མའི་ལག་པར་དམ་པོར་བཏགས།
དེས་རྗེས་ཀྱི་སྒོ་ནི་སྒོ་མིན་པར།
མི་མངོན་པའི་གཡུལ་ས་འཇིགས་ཡེར་བ་ཞིག
སྒོ་མིན་པའི་སྒོ་དེས་ཕྱི་ནང་ན།
ཉེས་མེད་ཀྱི་རྣམ་ཤེས་ཁྲི་ཁྲི་འབུམ་འབུམ།
ད་དུང་ཡང་འཚང་ཁ་ཤིག་ཤིག
ཆུ་མོ་སྦྲུལ་ལོའི་ཟླ་ཚེས་བཟང་བོ་ལ།
༢༠༡༣ ༥ ༡༧