ཐོལ་བྱུང་གི་བཅད་མ་འགའ།
རྐང་རྗེན།
མཐོ་མཐོ་ཨ་སྔོན་དབྱིངས་ལ་ལྷོག་ལྷོག་སྤྲིན་པ་འཁྲིགས་སོང་།།
ནག་ནག་སྤྲིན་པའི་གསེབ་ནས་ཤག་ཤག་ཆར་བ་བབས་བྱུང་།།
དམར་དམར་སེམས་པའི་དཀྱིལ་ལ་རྣོ་རྣོ་མདའ་ཞིག་ཟུག་སོང་།།
སྒོར་སྒོར་གདོང་གི་ལྡུམ་རར་ཆུང་ཆུང་ཆུ་མིག་བརྡོལ་བྱུང་།།
དྭངས་གསལ་མེ་ལོང་མི་གཡོ་བརྟན།།
ནང་གི་གཟུགས་དེ་མི་བརྟན་གཡོ།།
ཆུང་འདྲིས་འགྲོགས་ཡུན་མི་མོག་གསལ།།
མིག་གི་ཉག་ག་མཆུ་མས་ནོག།
སྟོད་ལུང་ཕུག་གི་མེ་ཏོག་འཇིག་ན།།
མར་ལུང་སྡེ་ཡི་རྨུག་ལྡུར་འཇགས་སྐྱོ།།
ཉི་མ་དམར་བོའི་གཤོག་བསྒྱུར་མཚམས་ན།།
ཆུ་མིག་སྐམ་ཞིང་མཚོ་མོ་དངངས་སྐྱོ།།
ཟླ་ནི་མི་ཆུང་མི་བཤུམ་སྟེ།།
ཁེར་རྐྱང་བགྲོད་ལ་ལོབས་ནས་ཡོད།།
སྨག་གིས་བདས་པའི་སྲོག་དག་ལ།།
ཟླ་ནི་དྲིན་ཆེ་ཟླ་ནི་དཔའ།།
ཤག་ཤག་ནུར་བའི་ཆུ་ཀློང་དང་།།
གང་བདེར་འཁྱུག་པའི་ཉ་མོ་གཉིས།།
ཆུ་ངོགས་མིག་དེའི་དོག་ལམ་ན།།
དེ་གཉིས་འཇགས་ཤིང་སེམས་དེ་འགྲིལ།།
༡༠༡༣ ༥ ༨ལ།