དབེན་པར་ཉམས་ལེན་ལ་བློ་བསྐུལ་བའི་མགུར་བཞུགས།
༼དབྲ་སྲས་འཇའ་ལུས་པས།༽
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཤར་རྫ་བ་མཁྱེན་ནོ།
།བདག་ཡིད་རྩེ་གཅིག་ཏུ་གུས་པས་གསོལ་བ་འདེབས། །རྣམ་གཡེངས་ཕྱི་བཤོལ་བླ་ཁ་དགེ་ལ་བགྱུར་ནས།
།ཚེ་གཅིག་རི་ཁྲོད་ཅིག་ཟིན་པར་བྱིན་གྱིས་རློབས་ཤིག །ཁྱེ་ཧོ་འཁོར་བའི་གནས་ངན་རྒྱ་མཚོའི་ནང་ནས།
།དལ་འབྱོར་ཡིད་བཞིན་གྱི་ནོར་བུ་ད་རེས་རྙེད་ཀྱང་། །སྐྱེས་ནས་འཆི་བ་ཡི་ཕྱོགས་སུ་འཁོར་འདུག་པ།
།གཤེད་མའི་ལག་ཞབས་ཀྱི་ཕྱོགས་བཞིན་བཟློག་ཐབས་མི་འདུག ཚེ་འདིའི་བདེ་སྐྱིད་ཀྱི་སྣང་བ་རྨི་ལམ་ལྟ་བུ།
།གཏམ་དང་སྙན་གྲགས་ཀྱི་ངང་ཚུལ་བྲག་ཆའི་སྒྲ་བརྙན། །ལས་དང་བྱ་བཞག་གི་རྣམ་གྲངས་སྒྱུ་མའི་གར་མཁན།
།འདི་ལ་སྙིང་པོ་དེ་མི་འདུག་སྤོང་རན་མཆིའོ། །སྨིན་གྲོལ་གདམས་ངག་གི་བདུད་རྩི་ཟབ་དགུ་ཐོབ་ཅིང་།
།རང་གིས་ཉམས་ལེན་ཞིག་ནུས་ན་རང་ལག་འདུག་ཀྱང་། །ད་དུང་ཕྱི་བཤོལ་དང་ལེ་ལོའི་རང་མགོ་བསྐོར་བ།
།གློ་སྙིང་རྩ་བ་ནས་རུལ་བའི་རྟགས་ངན་རེད་འདུག །བླ་མ་རྗེ་དང་ནི་མ་འཇལ་མི་ནག་སྐྱེ་བོ།
།ཚེ་འདི་ཁོ་ན་ལ་འཁྲུལ་ཡང་ཁག་མེད་རེད་དོ། །འུ་ཅག་ཟབ་རྒྱས་ཀྱི་གདམས་ངག་ཡོད་དགུ་ཞུས་ནས།
།དེ་དོན་ཚུལ་བཞིན་ཏུ་མི་བསྒོམ་མདོ་མེད་ངོ་མ། །ཚེ་རབས་ཐོག་མེད་ཀྱི་དུས་ནས་ད་ལྟའི་བར་དུ།
།སྡུག་བསྔལ་དཔག་མེད་ཀྱི་མནར་བ་དེ་ཡིས་ཆོག་གིས། །ད་ནི་གཏན་འདུན་གྱི་བྱ་བ་སྒྲུབ་ངོ་ཤེས་ན།
།མི་འགྲུབ་བསམ་མནོ་དེ་མ་མང་བློ་ཐག་ཆོད་ཅིག །གོང་ན་དཔོན་མེད་ན་འོག་ན་གཡོག་མེད་ཅིང་།
།སྐྱང་རྒྱུའི་གཉིན་མེད་ལ་འདུལ་རྒྱུའི་དགྲ་ཡང་མེད་པར། །ཚོང་ཁེ་སོ་ནམ་དང་འདུ་འཛིའི་གཡེང་བ་མེད་པའི།
།རི་ཁྲོད་དབེན་པ་དེ་བསྟེན་ལས་སྐྱིད་པ་སུ་ཡོད། །སྤོང་བའི་ཁང་ཆུང་དེ་རང་ཤོང་གྲུབ་བཞིའི་དབུས་སུ།
།འཇམ་ཞིང་འབོལ་བ་ཡི་རྩ་གདན་གཙང་མའི་སྟེང་དུ། །ཆ་ལུགས་ལྔ་ལྡན་གྱི་འདུག་སྟང་གཡོ་མེད་ངང་ནས།
།སེམས་དོན་ཉམས་ལེན་དེ་སྐྱོངས་བའི་རྣལ་འབྱོར་རེ་དགའ། །རིམ་དགུའི་ཐེག་པ་ཡི་རྩེ་མོ་བླ་མེད་ལམ་གསང་།
།མགོ་ཁྲེགས་རྟོག་གེ་བས་མ་བསླད་ཨ་རྫོགས་སྙན་གསུམ། །དྲིན་ཆེན་བླ་མ་ཡི་ཕྱག་ལེན་མངོན་སུམ་ཡོད་དུས།
།ཉམས་ལེན་གཞན་མ་ལ་རེ་བ་སྐལ་བ་རེ་ཆུང་། །སྣང་སྲིད་དག་མཉམ་གྱི་སྣང་ཆ་བསྐྱེད་རིམ་ཕྱག་རྒྱ།
།ལྷན་སྐྱེས་ཡེ་ཤེས་ཀྱི་བོགས་འདོན་གཏུམ་མོ་ཐབས་ལམ། །འདོད་ཡོན་ཚོགས་མཆོད་དུ་ཤར་བ་ཟག་མེད་ལོངས་སྤྱོད།
།ཡོངས་རྫོགས་ཉམས་ལེན་གྱི་ཕ་ཕོག་ཅི་འདོད་འདུག་གོ། །ཕ་རྗེས་བུ་འཇུག་ཞིག་ནུས་པའི་སློབ་མ་ཡོད་ན།
།བཤད་ཡམ་ཚོག་སྙན་ལ་མ་རེ་བློ་སྣ་བསྟུང་ནས། །རྒྱལ་དབང་ཤར་རྫ་པ་ཆེན་པོའི་བཀའ་སྲོལ་ཇི་བཞིན།
།དབེན་པའི་རི་ངོགས་སུ་སོང་ལ་ཉམས་ལེན་མཛོད་ཅིག །ཅེས་པ་འདི་ནི་དབེན་གནས་སྨིན་གྲིལ་གླིང་དུ་ཉམས་ལེན་གྱི་ཐུན་མཚམས་སུ་དབྲ་སྲས་པས་མགུར་དུ་བླང་བའོ།།
ཐ་ཚན་མུ་ཙུག་སྨར་རོ།།